ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐེབས་དུས་ཀྱི་བྱེད་ཐབས།

དབྱར་དུས་ནི་ཆུ་ལོག་འབྱུང་སླ་བའི་དུས་ཡིན་པས། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སླ་བ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ནས་ནད་གཞི་མཆེད་སྲིད། ཆུ་ལོག་ཐོན་དུས་ང་ཚོའི་ཁྱིམ་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེར་འཕྲད་ཚེ། རང་ཉིད་དང་གཉེན་ཉེའི་ཚེ་སྲོག་བདེ་འཇགས་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས།

གཅིག སྔོན་འགོག་ཇི་ལྟར་བྱེད་དགོས་ཞེ་ན།

༡ དུས་དང་རྣམ་པ་ཀུན་ཏུ་ས་གནས་དེ་གའི་གསར་འགྱུར་དང་གནམ་གཤིས་སྔོན་བརྡ་ལ་དོ་སྣང་བྱས་ཏེ་གློག་དང་ཆུ། འབར་དབུགས་བཅས་ཆད་པའི་གྲ་སྒྲིག་ཡག་པོ་བྱ་དགོས། ཆུ་ལོག་གི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་འབྱོར་རྗེས་བཟའ་བཅའ་དང་གྱོན་ཆས། འཐུང་ཆུ། འཚོ་བའི་ཉེར་མཁོའི་དངོས་རྫས། དགོས་ངེས་ཀྱི་སྨན་བཅོས་མཁོ་ཆས་གྲ་སྒྲིག་བྱེད་དགོས་ཤིང་། ཁྱིམ་ཚང་གི་དངོས་པོ་རྩ་ཆེན་བཀོད་སྒྲིག་ཡག་པོ་བྱ་དགོས།

༢ བེད་སྤྱོད་བྱེད་ཐུབ་པའི་འཕྲིན་གཏོང་སྒྲིག་ཆས་ཉར་ཚགས་ཡག་པོ་བྱེད་དགོས། ལག་སྒྲོན་དང་པི་པི། མེ་ལོང་། མེ་ཆ། ལྭ་བ་མདོག་ཆེན་སོགས་བརྡ་རྟགས་སུ་སྤྱོད་ཆོག་པའི་དངོས་རྫས་བསྡུ་རུབ་བྱས་ཏེ་རོགས་སྐྱོབ་འཐོབ་པར་གྲ་སྒྲིག་ཡག་པོ་བྱེད་དགོས།

༣ གལ་ཏེ་ཕྱི་རོལ་དུ་ཉེན་གཡོལ་བྱེད་དགོས་ན། མ་མཐར་ཡང་ལུས་ལ་འཁྱེར་ཆོག་པའི་མཁོ་སྒྲུབ་ཁུག་མ་ཞིག་གྲ་སྒྲིག་བྱེད་དགོས་པ་དང་། མཁོ་སྒྲུབ་ཁུག་མའི་ནང་གི་དངོས་ཟོག་ཁྱིམ་ཚང་མི་འདྲ་བའི་ཁོངས་མིའི་དམིགས་བསལ་གྱི་དགོས་མཁོར་བསྟུན་དགོས་ཤིང་། དཔེར་ན་ཕྲུ་གུའི་མཁོ་ཆས་དང་སྨན་རྫས་སོགས་ལྟ་བུ།

༤ ཁྱིམ་ཚང་གི་མཁོ་སྒྲུབ་སྔོན་ཇུས་བཟོ་བ་སྟེ། སྲིད་གཞུང་དང་གནམ་གཤིས་སྡེ་ཁག་གི་སྔོན་བརྡ་གཞིར་བཟུང་ནས། གནས་སྤོ་བྱེད་དགོས་ཀྱང་སྲིད། ཁྱིམ་དུ་ཉེན་གཡོལ་བྱེད་པའམ་ཡང་ན་གཉེན་ཉེ་དང་གྲོགས་པོའི་སར་འགྲོ་བ་སོགས་སྔོན་ལ་ཁྱིམ་མི་ཚང་མ་གྲོས་མཐུན་བྱུང་དགོས་ཤིང་། གནོད་འཚེ་ཕོག་སྐབས་ཁྱིམ་མི་ཚང་མ་མཉམ་དུ་སྡོད་ཐུབ་པ་བྱེད་དགོས་པ་དང་། གལ་ཏེ་མཉམ་དུ་མེད་ན་བདེ་འཇགས་ཀྱི་སར་འཛོམ་པའི་དུས་བཅད་བྱ་དགོས།

༥ ཁང་པའི་ནང་ཉེན་གཡོལ་བྱེད་དུས་གློག་ཁུངས་དང་རླུང་སྒོ། ཆུ་སྦུག་བཅས་ཀྱི་སྒོ་རྒྱག་རྒྱུར་དོ་སྣང་བྱས་ནས་ཆུ་གཙང་མ་དང་། བཟའ་བཅའ་དང་དེ་བཞིན་གནོད་འཚེའི་གྲ་སྒྲིག་གི་དངོས་ཟོག་འདང་ངེས་ཤིག་སྔ་སྣུར་དུ་གསོག་འཇོག་བྱེད་དགོས།

༦ དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ངང་གནས་སྤོ་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ཏེ། ལམ་ཐིག་ཡག་ཤོས་དང་བདེ་འཇགས་ཀྱི་གནས་གདམས་དགོས། གནས་སྤོ་མི་བྱེད་ཀ་མེད་བྱུང་སྐབས་རང་སྐྱོབ་དང་སྲོག་ཉེན་ལས་ཐར་བའི་ཡོ་བྱད་གྲ་སྒྲིག་ཡག་པོ་བྱེད་དགོས། ཤིང་གཞོང་དང་ཤིང་ཆ། ལྦུ་བ་ཅན་གྱི་སྤོས་འགྱིག་སོགས་ཆུ་ཁར་གཡེང་ཐུབ་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས་སྲོག་སྐྱོབ་སྒྲིག་ཆས་ལས་སྣོན་བྱས་ཏེ་འཚུབ་བཟློག་བྱེད་དགོས།

གཉིས། ཆུ་ལོག་ཐོན་དུས་བདེ་འཇགས་ཀྱིས་གནས་སྤོ་ཇི་ལྟར་བྱེད་དགོས་ཞེ་ན།

༡ཆུ་ལོག་ཐོན་དུས་མྱུར་དུ་ས་བབ་དམའ་བའི་ས་ནས་བྲལ་ཏེ་མཐོ་སར་གནས་སྤོ་དང་ཉེན་གཡོལ་བྱེད་དགོས།

༢ ཆུ་གསོག་པའི་ལམ་ངོས་སུ་འགྲོ་སྐབས་ངེས་པར་དུ་ལྷམ་སྒྲོག་ཅན་གྱི་ལུས་རྩལ་ལྷམ་གྱོན་དགོས་པར་མ་ཟད། ལྷམ་སྒྲོག་དམ་པོར་བསྡམ་དགོས། ཆར་ལྷམ་གྱོན་མི་རུང་སྟེ། ཆར་ལྷམ་ནང་དུ་ཆུ་བླུགས་ན་འགུལ་སྐྱོད་བྱེད་མི་ཐུབ།

༣ ཆུ་ལ་བརྒལ་ནས་འགྲོ་སྐབས་དབྱུག་པ་དང་ཆར་གདུགས་རིང་པོ་སོགས་བཙལ་ནས་ལམ་འཚོལ་ཡོ་བྱད་བྱེད་ཆོག

༤ ཆུ་ལོག་ཡོང་བའི་དུས་སུ་རླངས་འཁོར་བསྐོར་ན་ཉེན་ཁ་ཧ་ཅང་ཆེ་ཞིང་། རླངས་འཁོར་གྱི་མེ་གསོད་པར་མ་ཟད། ཆུ་རླངས་འཁོར་གྱི་སྒོའི་ཚད་དུ་སླེབས་དུས། ནང་གི་མི་རྣམས་ཀྱིས་རླངས་འཁོར་གྱི་སྒོ་ཕྱེ་མི་ཐུབ་པས་རླངས་འཁོར་ནང་དུ་ལུས་འགྲོ།

༥ ཆུ་སྐེད་པར་སླེབས་དུས་ཉེན་ཁར་མི་འཛེམ་པར་གང་བྱུང་དུ་ཆུ་ལ་བརྒལ་མི་རུང་། སྐབས་འདིར་མཐོ་ས་ཞིག་བཙལ་ནས་རོགས་སྐྱོབ་བྱེད་པར་སྒུག་དགོས།

གསུམ། ཁང་པར་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཞེ་ན།

༡ ཆུ་ལོག་ཁང་པའི་ནང་དུ་མི་ལྡུག་པའི་ཆེད་དུ་བྱེ་ཁུག་དང་འགྱིག་རས་སྒོ་འགྲམ་སོགས་སུ་སྤུངས་ནས་ཆུ་འགོག་ར་བ་རྒྱག་དགོས་པ་དང་། གལ་ཏེ་དགོས་མཁོ་ཡོད་ན་སྒེའུ་ཁུང་གི་ཕྱི་རོལ་དུ་ཡང་ར་བ་རྒྱག་དགོས།

༢ ཁྱིམ་ཆས་དང་དངོས་པོ་རྩ་ཆེན་བདེ་འཇགས་ཀྱི་གནས་སུ་སྤོ་དགོས་པ་སྟེ། དཔེར་ན་ཁང་བརྩེགས་མཐོན་པོ་ལྟ་བུ།

༣ ཆུ་སྲོ་ཆས་དང་གློག་བསྒར་རྟེན་སོགས་གློག་ཆས་སྒྲིག་ཆས་རྣམས་ཆུར་མི་ནུབ་པའི་གནས་སུ་སྤོར་དགོས།

༤ གལ་ཏེ་ཁང་པ་ཆུས་མི་བསྣུབས་པར་གཡོལ་ཐབས་མེད་ན། ཁྲུས་ཁང་དང་ཁྲུས་གཞོང་། ལག་འཁྲུད་གཞོང་བ། ས་འོག་ཆུ་ལམ་གྱི་ཆུ་བཞུར་སའི་ཁ་བཅད་དེ། ས་འོག་ཆུ་སྦུག་ནས་ཁང་པའི་ནང་དུ་ཆུ་འཕྱུར་པར་གཡོལ་དགོས་ལ། རླངས་འཁོར་བདེ་འཇགས་ཀྱི་གནས་སུ་འཇོག་དགོས།

བཞི། ཆུ་ལོག་གི་ཁྲོད་དུ་ལུས་ན་ཇི་ལྟར་སྐྱོབ་དགོས་ཞེ་ན།

༡ གལ་ཏེ་རང་ཉིད་ཆུ་ལོག་ཁྲོད་དུ་བཀག་ན། ཐོག་མར་ཐབས་ཤེས་བཏོན་ནས་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་དགོས། གལ་ཏེ་ལག་ཁྱེར་ཁ་པར་རློན་པ་མ་བྱས་ཚེ། དུས་ཐོག་ཏུ110ལ་ཁ་པར་བཏང་ནས་ཆེད་ལས་མི་སྣར་རོགས་སྐྱོབ་བྱེད་རོགས་ཞུ་དགོས། ཡུན་རིང་སྒུག་པའི་གོ་རིམ་ཁྲོད་མྱུར་སྐྱོབ་ཀྱི་བརྡ་རྟགས་གཏོང་རྒྱུ་བརྗེད་མི་རུང་།

༢ གལ་ཏེ་ལས་གོས་གྱོན་པའི་རོགས་སྐྱོབ་མི་སྣ་མཐོང་ཚེ། རས་མདོག་ཆེན་གཡུགས་པ་དང་ཁ་ཤུ་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲགས་འགུལ་བསླངས་ནས་རོགས་སྐྱོབ་མི་སྣས་རང་ཉིད་གནད་ལ་འཁེལ་བའི་ངང་རྙེད་ཐུབ་པ་བྱེད་དགོས།

༣ ཆུ་ལོག་དང་འཕྲད་ཚེ་ཆེས་གཙོ་བོ་ཞིག་ནི་འཚབ་མི་རུང་བ་དང་། དངངས་འཚབ་སྐྱེས་དྲགས་ན་རང་ཉིད་ལ་ལས་འཛོལ་ཤོར་ནས་ཉེན་ཁ་དེ་བས་ཆེ་བའི་གནས་སུ་གྱར་སྲིད།

ལྔ། ཆུ་ལོག་བྱུང་རྗེས་ཀྱི་བདེ་འཇགས་ཤེས་བྱ།

༡ ཆུ་ལོག་བྱུང་བའི་རྗེས་སུ་འཕྲོད་བསྟེན་རིམས་འགོག་གི་ལས་ཀ་ལེགས་པར་བསྒྲུབས་ཏེ་འགོས་ནད་མི་འབྱུང་བར་བྱ་དགོས། འབག་བཙོག་ཐེབས་པའི་ཆུ་བེད་སྤྱོད་མི་རུང་། འབུ་སྦྲང་གིས་སོ་བཏབ་རྗེས་གང་འདོད་དུ་རེག་མི་རུང་། ཉིན་རེའི་ཟ་མ་མ་ཟོས་གོང་དང་ངལ་གསོ་མ་བྱས་གོང་ལ་རབ་ཡིན་ན་ལྭ་བའི་ཕྱི་རུ་མངོན་པའི་སྐྱི་པགས་ལ་དུག་སེལ་བྱེད་དགོས་པར་མ་ཟད། ཁོར་ཡུག་དང་ཉལ་གོས་སོགས་ལ་དུག་སེལ་བྱེད་དགོས།

༢ ཆུ་ལོག་ཁྲོད་ནུབ་པའི་རང་བྱུང་སོལ་རླངས་སམ་གློག་ཆས་སྤྱོད་མི་རུང་། ཆུ་ལོག་གིས་འབག་བཙོག་བྱས་པའི་ཟས་རིགས་གང་ཡང་ཟ་མི་རུང་།

༣ ཆུ་ལོག་བྱུང་བའི་རྗེས་སུ། འདམ་རྫབ་གཙང་སེལ་བྱེད་དུས་ལྷམ་ཡུ་རིང་གྱོན་པ་དང་ལག་ཤུབས་མཐུག་པོ་གྱོན་ནས། འདམ་རྫབ་ནང་གི་སྦྲུལ་དང་འབུ་སོགས་ཀྱིས་མི་ལ་གནོད་པའམ་ཡང་ན་འབུ་ཕྲའི་འགོ་ནད་ལ་གཡོལ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号