མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ(རྒྱ་སྐྱེད)འཚོགས།
ཟླ3པའི་ཚེས27ཉིན། མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ(རྒྱ་སྐྱེད)ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་ཚོགས་འདུར་སླེབས་ནས་གསུང་བཤད་གནང་།
ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་བྱང་དུ་བརྟག་ཞིབ་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་བདུན་པའི་ལག་བསྟར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་མི་དོན་དོན་ཚན་ལ་དམངས་གཙོའི་གོ་རིམ་ལག་བསྟར་བྱས་པ་དང་། 2022ལོའི་ལོ་འཁོར་མོའི་ཁུལ་ཡོངས་ཀྱི་བཟོ་ཚོགས་ཀྱི་སྔོན་ཐོན་ལས་སྒྲུབ་མི་སྣར་གཟེངས་བསྟོད་བྱས་ལ། 2022ལོའི་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས2023ལོའི་བྱ་བའི་སྤྱིའི་བླང་བྱ་དང་གཙོ་གནད་དམིགས་འབེན་ལས་འགན་ཁ་གསལ་བཏོན།
ཚོགས་ཐོག་ཏུ2023ལོར་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཕྱོགས་དྲུག་ཐད་ཀྱི་བྱ་བ་གཙོ་གནད་ཐོག་ཡག་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཉིས་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་རྒྱ་ཆེའི་ལས་བཟོ་བའི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ལས་བཟོ་བའི་ལུས་རྩལ་འགྲན་ཚོགས་དང་སེམས་ཁམས་བདེ་ཐང་ཤེས་བྱའི་འཆད་ཁྲིད་སོགས་ཀྱི་བརྗོད་དོན་བྱེད་སྒོ་སྤེལ་དགོས། གསུམ་ནས་བཟོ་བ་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “རྫོང་རིམ་པའི་བཟོ་ཚོགས་ལ་ཤུགས་སྣོན་པའི་ལོའི”ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བཞི་ནས་བཟོ་ཚོགས་ཀྱི་ལས་ཁུར་དང་འགན་འཁྲི་ནན་ཏན་གྱིས་བསྒྲུབ་སྟེ། ཐུན་མོང་ཐོག་ཕྱུག་འགྱུར་བརྟན་པོའི་ངང་མངོན་འགྱུར་བྱེད་པའི་ཁྲོད་ལས་བཟོ་བའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། “གཅེས་སེམས་ཞོགས་ཟས”བཟོ་སྐྲུན་ལག་བསྟར་ཡག་པོ་བྱས་ནས“གཅེས་སེམས་ཞོགས་ཟས”ཆས་རྟགས་ཀྱི་སྤྱི་ཚོགས་ཕན་འབྲས་དང་ཆབ་སྲིད་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་། ཁུལ་སྟོན་སྤྲོ་བས་བསུ”བའི་ཁུལ་གྱི་གནས་ཚུལ་ལྟར་གསར་བརྗེའི་སློབ་གསོ་དང་དེ་བཞིན་དྲ་ཐོག་ཏུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱེད་པའི་བྱེད་སྒོ་སྤེལ་དགོས། ལྔ་ནས་ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བར་དམ་འཛིན་ཡག་པོ་བྱེད་པ། ལས་བཟོ་བའི་ལས་ཞུགས་དང་ཡོང་འབབ། སྤྱི་ཚོགས་འགན་སྲུང་། བདེ་འཇགས་འཕྲོད་བསྟེན་སོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་བ་ཡག་པོར་བསྒྲུབ་ནས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དྲུག་ནས་བཟོ་ཚོགས་བཅོས་སྒྱུར་དང་འཛུགས་སྐྱོང་ཟབ་སྤེལ། བྱ་བའི་སྟོབས་ཤུགས་གཞི་རིམ་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་བཟོ་ཚོགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་སྣོན་དགོས། བཟོ་ཚོགས་ཀྱི་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོ་རུ་བཏང་ནས་ལས་བཟོ་བ་དང་མང་ཚོགས་ཀྱིས་ཡིད་ཆེས་ཐུབ་པ་དང་བློས་འགེལ་ཆོག་པ། ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བྱང་ཚད་མཐོ་བའི་བཟོ་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་ནས་བཟོ་ཚོགས་ཀྱི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ངལ་རྩོལ་དཔེ་བཟང་གི་ཁམས་གསོ་དང་། ངལ་རྩོལ་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ། ངལ་རྩོལ་དཔེ་བཟང་གི་སྒྲོག་འགྲེལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ངལ་རྩོལ་དཔེ་བཟང་བ་དང་ངལ་རྩོལ་པ། ལག་ཤེས་པ་བཅས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་སྤྱི་ཚོགས་ཧྲིལ་བོར་ངལ་རྩོལ་གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་རྩེག་གི་ལས་བཀུར་རྣམ་པ་གཏོད་དགོས་ཤིང་། ལས་གནས་ཐོག་བྱས་རྗེས་འཇོག་པའི་ངལ་རྩོལ་རྩལ་ནུས་འགྲན་སྡུར་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ་དང་། རྩ་འཛུགས་ཀྱི་རྣམ་པ་དང་འགྲན་སྡུར་བྱེད་སྟངས་གསར་གཏོད། “243”འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དམིགས་ཏེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་མཐུན་སྒྲིལ་དང་སྒྲིག་འཛུགས་སྐུལ་སློང་བྱས་ནས་ནུས་ཤུགས་ཡོད་རྒུས“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”འཛུགས་སྐྲུན་བྱེད་པར་མཚོ་བྱང་གི་ལེའུ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ་དམངས་ལ་དྲོ་སྐྱིད་སྐྱེལ་བ་དང་བསིལ་འཇམ་སྐྱེལ་བ། སྟོན་དུས་སློབ་མར་རོགས་སྐྱོར་བྱེད་པ། ལས་བཟོ་བའི་སྨན་བཅོས་ཕན་ཚུན་འགན་ལེན་བྱེད་པ་སོགས་ཀྱི་བྱ་བའི་ཆས་རྟགས་ཀྱི་རྨང་གཞིའི་ཐོག ལས་ཞུགས་ཀྱི་རྣམ་པ་གསར་བའི་ངལ་རྩོལ་པར་ཞབས་ཞུ་དང་། ཁོར་སྲུང་ལས་བཟོ་བའི་གཅེས་སེམས་ཞོགས་ཟས་སོགས་ཀྱི་བྱ་བ་མུ་མཐུད་ལེགས་པོར་བསྒྲུབ་དགོས་པ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དུས་ཐོག་ཏུ་ལས་བཟོ་བའི་སེམས་ལ་སྐྱེལ་དགོས་ཤིང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ལས་བཟོ་བའི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ལས་བཟོ་བའི་དཔུང་ཁག་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་གཞི་རྩའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་དགོས། བཟོ་ཚོགས་ཀྱི་བཅོས་སྒྱུར་དང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཅོས་སྒྱུར་བྱ་ཐབས་དེ་བས་མང་བ་ཇུས་འགོད་བྱེད་པ་དང་། འབྲེལ་གཏུག་རྒྱ་ཆེ་བ་དང་ལས་བཟོ་བར་ཞབས་འདེགས་ཞུ་བའི་བཟོ་ཚོགས་ཀྱི་བྱ་བའི་མ་ལག་ཧུར་ཐག་སྒོས་བཙུགས་ནས་མཐུན་སྒྲིལ་སློབ་གསོ་དང་ཁེ་དབང་སྲུང་སྐྱོང་། ལས་བཟོ་བར་ཞབས་ཞུ་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་བཟོ་ཚོགས་ཀྱི་བཅོས་སྒྱུར་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་དང་གཞི་རིམ་དུ་བསྲིང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་ཁྲོད་ནུས་པ་དེ་ལས་ཆེ་བ་འདོན་སྤེལ་བྱ་དགོས་པ་ནན་གྱིས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注