མདོ་ལ་རྫོང་སྲིད་གཞུང་ཏང་ཙུའུ་ཡི་གླེང་བརྗོད་ཚོགས་འདུ་འཚོགས།

ཟླ12པའི་ཚེས31ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚབ་མ་དམེ་རྒྱལ་མཚན་གྱིས་རྫོང་སྲིད་གཞུང་ཏང་ཙུའུ་ཡི་གླེང་བརྗོད་ཚོགས་འདུར་གཙོ་སྐྱོང་བྱས། 2024ལོའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཤིང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་། 2025ལོའི་ལས་དོན་འགན་འཁྲི་ཚན་རིག་དང་མཐུན་པའི་འཆར་འགོད་བྱས། རྫོང་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་འབྲེལ་ཡོད་ཡུལ་གྲོང་སྡེ་ཚན་ཚོགས་འདུར་ཞུགས་ཤིང་དངོས་ཡོད་བྱ་བ་དང་འབྲེལ་ནས་བགྲོ་གླེང་གཏམ་བཤད་བྱས།

ཚོགས་འདུ་ལས་འདས་པའི་ལོ་གཅིག་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཡུལ་གྲོང་དང་སྡེ་ཚན་སོ་སོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྟན་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་འབད་པས་བསྐྱོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་ཏན་ཏིག་བཏང་། ཐོན་ལས་འཕེལ་རྒྱས་དངོས་ཡོད་གཏིང་ཟབ་ཏུ་སྤེལ། ལས་གཞིའི་འཛུགས་སྐྲུན་ལ་འགྲོས་ཚད་དང་ཕན་འབྲས་ལྡན་པ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་སྐུལ་འདེད། དམངས་འཚོར་རྒྱུན་མཐུད་ལེགས་བཅོས་དང་འགན་སྲུང་བྱས། དམིགས་འབེན་ལ་དམིགས་ཤིང་དངོས་ཡོད་དུ་སྒྲུབ། འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཤུགས་དྲག་དང་འདེགས་སྐྱོར་སྔར་བས་བརྟན་པོ། གསོན་ཤུགས་སྔར་བས་དོད་པོ། རྨང་གཞི་སྔར་བས་བརྟན་པོ་ཡིན་པས་ལས་དོན་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོ་སྤོས་ཞེས་བསྟན།

ཚོགས་འདུ་ལས2025ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ”མཇུག་བསྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་བ”འཆར་འགོད་བཀོད་སྒྲིག་གི་ལོ་ཡང་ཡིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལེགས་པོར་སྒྲུབ་པར་གལ་འགངས་ཤིན་ཏུ་ཆེ། ཡུལ་གྲོང་དང་སྡེ་ཚན་སོ་སོས“བརྟན་ཐོག་འཕེལ་བརྩོན་དང་གོང་སྤེལ་འཕེལ་བརྟན། སྔོན་སློང་རྗེས་གཏོད”ཀྱི་སྤྱིའི་བླང་བྱ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་ལྷུ་ཚིགས་སོ་སོར་ཁྱབ་དགོས། རང་རྫོང་གི་འཕེལ་རྒྱས་ཐད་འཕྲད་པའི་ཐོན་ལས་བརྗེ་སྤོར་གྱི་དཀའ་ཁག་དང་ཐོན་ཁུངས་ཁོར་ཡུག་གི་གཅུན་སྡོམ། ནོར་སྲིད་གཏོང་ཡོང་གི་འགལ་བ་སོགས་གནད་དོན་ལ་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་གོ་སྐབས། དཀའ་ཁག་བཅས་ཁོང་དུ་ཡང་དག་ཆུད་དགོས། འཕེལ་རྒྱས་ཀྱི་དམིགས་འབེན་གསལ་བོ་དང་ལས་དོན་ལམ་ཕྱོགས་ནན་མོ། དོན་འཁྱོལ་ཐབས་ལམ་ལག་ལེན་དུ་བསྟར་ནས་ལས་དོན་ཕན་འབྲས་དངོས་མ་ཡིས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་དང་། མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་བསྐྲུན་དགོས་པའི་ནན་བཤད་གནང་།

ཚོགས་འདུ་ལས་ཡུལ་གྲོང་དང་སྡེ་ཚན་སོ་སོས་འཆར་གཞི་འཐེན་ནས་སྔོན་ལ་སྒྲུབ་པ་དང་མགྱོགས་པོར་སྒྲུབ་པ། དངོས་ཡོད་དུ་སྒྲུབ་སྟེ་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཅིག་ནས་ལས་གཞི་དམ་འཛིན་དང་མ་རྩ་གཏོང་བའི་ཐད་ནུས་ཤུགས་སྔར་བས་འདོན་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས2025ལོའི་ལས་གཞི་དང“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་བ”ལས་གཞི་མཛོད་སོགས་ལྟེ་བར་འཛིན་པ། ཞིབ་འཇུག་འཆར་འགོད་ནན་ཏན་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་མིག་མངས་གདན་སྐོར་ནང་ཆུད་དགོས། ལས་གཞིའི་མཉམ་འབྲེལ་ཞིབ་མཆན་འགོད་ལུགས་སོགས་འཐུས་ཚང་དུ་གཏོང་བ་དང་རྒྱུ་ཆས་འགན་སྲུང་ལས་དོན་མ་ལག་བཙུགས་ནས་ལས་གཞིའི་གྲ་སྒྲིག་གི་སྤུས་ཚད་དང་ཟབ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་སྟོབས་ལྡན་ཐད་གོམ་སྟབས་བརྟན་པོ་སྤོ་དགོས། ཐོན་ལས་འཕེལ་རྒྱས་མ་ལག་འཐུས་ཚང་དང་ཐོན་ལས་ཁྲོམ་ར་རྒྱ་བསྐྱེད། ཐོན་ལས་སྦྲེལ་ཐག་དམ་པོ། ཆས་རྟགས་རིན་ཐང་གཞན་སྒྱུར། དྲིལ་སྒྲོག་འོས་སྦྱོར་སོགས་ཀྱི་ཐད་ཐོན་ཁུངས་དང་ནུས་ཤུགས་གཅིག་ཏུ་བསྒྲིལ་དགོས་ལ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི“ལྟེ་བ་གཅིག་དང་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་རྣམ་པའི་ནང་ཧུར་ཐག་གིས་ཞུགས་དགོས། གསུམ་ནས་གྲོང་གསེབ་དར་བ་དང་དར་སྤེལ་སྐུལ་བར་ཐབས་ལམ་དངོས་མ་འདོན་དགོས། གྲོང་གསེབ་ཐོན་ལས་དཔེ་སྟོན་སྡེ་བ་དང་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ། ཞི་མཛེས་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། བསྐྱར་དབུལ་འགོག་བཅོས་ལྟ་ཞིབ་རོགས་སྐྱོར་རྒྱུན་མཐུད་ལེགས་པོར་སྒྲུབ་ནས“3+1གི་འགན་སྲུང”གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། འབྲུ་རིགས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་དགོས། འཛད་སྤྱོད་བོགས་ནུས་སྔོག་འདོན་བྱས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་གསར་བརྗེ་སྐུལ་བ་དང་གསོན་ཤུགས་སྤེལ་བའི་ཐད་ཕན་ནུས་སྔར་བས་མཐོན་པོ་མངོན་དགོས། “གློད་སྡོམ་ཞབས་གསུམ”གྱི་གསར་བརྗེ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། ཁྲོམ་རའི་གསོན་ཤུགས་སླར་གསོ་དང་གསོ་སྐྱོང་བྱས་ནས་རྒྱལ་གཉེར་མ་རྩའི་ལུགས་མཐུན་འཁོར་རྒྱུགས་དང་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་བཀོད་སྒྲིག་ལེགས་པོ་དང་མཉམ་འདྲེས་ལ་སྐུལ་བའི་ཐད་ལམ་བུ་རྒྱ་བསྐྱེད་དགོས། སྐྱེ་ཁམས་སླར་གསོ་དང་གྲོང་ཁྱེར་བཟོ་སྐྲུན་བརྟན་ལྷིང་སྐུལ་འདེད་དང་། གྲོང་ཁྱེར་འབར་རླངས་དང་དྲོད་འདོན། ཆུ་འདོན་སྦུག་དྲའི་རིམ་སྤོར་ལེགས་བཅོས་དང་ཆུ་ཕུད་འབྲུབ་འགོག་སོགས་རྨང་གཞིའི་སྒྲིག་བཀོད་ལས་གཞི་འཛུགས་སྐྲུན་སྤུས་ཚད་མཐོན་པོས་དོན་འཁྱོལ་བྱས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། དྲུག་ནས་དམངས་འཚོ་ཁག་ཐེག་དང་མཐའ་ཚད་སྲུང་བའི་ཐད་རིག་པ་སྔར་ལས་གྲུང་དགོས། སློབ་གསོ་སྟོབས་ལྡན་དང་བདེ་ཐང་མདོ་ལ། ལས་ཞུགས་ལས་གཏོད། རྒན་གསོ་ཚབ་གཉོར་སོགས་དམངས་འཚོ་གཙོ་གནད་ཁྱབ་ཁོངས་སུ་ཤེད་ཤུགས་འདོན་དགོས། བདེ་འཇགས་ཐོན་སྐྱེད་དང་གླ་ཕོགས་གཙང་སྤྲོད་སོགས་ལས་དོན་ལེགས་པོར་སྒྲུབ་དགོས་ཤིང་། མང་ཚོགས་ཀྱི་དཀའ་བྲེལ་ངང་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་ནས་ལས་དོན་ཁག་ནུས་མཐོའི་སྐུལ་འདེད་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ལ་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号