བོད་མཁར་རྐང་ཚ་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ།


    ལྷན་འཛོམས་ལྷ་ཉིན་ལྒང་ཞུའི་དུས་ཆེན་རོལ།། ཡིད་འོང་བཀྲ་ཤིས་ལོ་སར་མཉམ་དུ་བསྐྱལ།། སྤྱི་ཟླ2པའི་ཚེས5སྟེ་ལོ་སར་ཚེས་བཅོ་ལྔའི་ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྲོལ་རྒྱུན་རིག་གནས་སྔར་ལས་དར་སྤེལ། མང་ཚོགས་ཀྱི་རིག་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྐང་ཚ་རྫོང་ཡོངས་ཀྱི་མི་དམངས་ལ་བཀྲ་ཤིས་འཆམ་མཐུན་གྱི་སྲོལ་རྒྱུན་ལོ་སར་ཞིག་རོལ་དུ་འཇུག་ཆེད། རྐང་ཚ་རྫོང་གིས“དཔྱིད་གསར་དུས་ཆེན་བསུས་ཏེ་ལྒང་ཞུའི་དུས་ཆེན་རོལ”ཞེས་པ་བརྗོད་དོན་ཡིན་པའི་ཕྲེང་བསྟར་བྱེད་སྒོ་སྤེལ་ལ། རྐང་ཚ་རྫོང་དུ་སྡོད་པའི་མགོ་ཁྲིད་དག་ཡུལ་དངོས་སུ་ཕེབས་ནས་རྟ་པ་བརྒྱས་བོད་མཁར་ཁྲོམ་གཞུང་དུ་ལོ་སར་བསུ་བའི་བྱེད་སྒོར་ཤིས་ཚིག་ཕུལ་ཞིང་། མི་དམངས་མང་ཚོགས་དང་ལྷན་དུ་དུས་ཆེན་རོལ་བ་རེད། 

    གནམ་ལོ་གསར་བ། སྨོན་འདུན་གསར་བ། རེ་སྒུག་གསར་བ། འདས་པའི་ལོ་གཅིག་གི་རིང་རྐང་ཚ་རྫོང་གིས་རྔུལ་ཆུས་ཉམས་མྱོང་བསགས་ཤིང་སྤོབས་པས་མདུན་ལམ་སྙེག་པ་ཡིན་པས། ལོ་གསར་བའི་ནང་དུའང་གོམ་མཚམས་མི་འཇོག་པར་མཚར་སྡུག་བསྐྲུན་ཡོད།  2022ལོ་ནི་རང་ག་བའི་ལོ་ཞིག་མིན་ཏེ། དཀའ་ངལ་ཁྲོད་འབད་བརྩོན་དང་འབད་འབུངས་ཁྲོད་འཕེལ་རྒྱས་ཀྱིས་རྐང་ཚ་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྐྱོན་བྲལ་མགྱོགས་མྱུར་ངང་འཕེལ་བའི་རྣམ་པ་བཟང་བོ་མངོན་པར་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་འོད་སྟོང་འབར་བའི་ལེའུ་བྲིས་ཡོད།  གནས་འདིར་རྟ་པ་བརྒྱའི་གཟི་ཉམས་དང་བྲོ་བ་བརྒྱའི་སྟངས་སྟབས་བསྒྱུར་བས། འབྱོར་ཕྱུག་དང་འཆམ་མཐུན། མཛེས་སྡུག་བཅས་ཀྱི་རྐང་ཚའི་སྣང་བརྙན་ལེགས་པར་བཞེངས་འདུག 

    སྔ་དྲོའི་དུས་ཚོད10སྟེང་། གཟབ་མཆོར་སྤྲས་པའི་རྟ་མཆོག180ལྷག་གྲལ་ཡག་པོར་བསྒྲིགས་ཤིང་། རྟ་པ་ཚོས་མི་རིགས་ཀྱི་བརྒྱན་གོས་གོན་ཞིང་ལག་ཏུ་རྒྱལ་དར་དང་རི་དར། ཚོན་དར་སོགས་བཟུང་སྟེ། རྫོང་མཁར་གྱི་རྟ་རྒྱུག་ར་བ་ནས་ཏང་སྲིད་ཐོག་ཁང་མདུན་གྱི་ཐང་ཆེན་བར་སྐོར་སྐྱོད་འཁྲབ་སྟོན་བྱས་པས། ཀུན་གྱིས་ཡིད་དབང་འཕྲོག་པའི་རྐྱེན་དང་ཕྱི་མིག་སྟོང་གི་རྟེན་དུ་གྱུར་ཏེ། མང་ཚོགས་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཞེས་པ་ཚོར་དུ་བཅུག ཐལ་མོའི་རྡེབ་སྒྲ་དང་ཀི་བསྭོ་ལྷ་རྒྱལ་ཁྲོད་ལྟ་མཁན་སྟོང་ལྔའི་དགའ་འབོད་ཀྱིས་བྱེད་སྒོར་སྔར་མེད་ཀྱི་རྣམ་པ་བཟང་བོ་བསྩལ། དེ་དང་ཆབས་ཅིག དབྱངས་དང་གར་གྱི་མཆོད་པ 《མཚོ་སྔོན་པོའི་སྨོན་འདུན 》ཞེས་པའི་སྐོར་བྲོའི་འཁྲབ་སྟོན་གྱི་ཚ་རླབས་འཕྱུར། བཀྲ་ཤིས་པའི་ཉིན་མོ་འདིར་རྐང་ཚའི་བུ་བུ་མོ་ཚོས་གཟབ་མཆོར་སྣ་ཚོགས་སྤྲས་ཤིང་ཕ་ཡུལ་གྱི་གཅེས་སེམས་བསྣམས་ནས། ཏང་གི་དྲིན་ཚོར་མཐའ་དག་གླུ་དང་གར་གྱི་འགྱུར་བ་ལ་དྲངས་ཏེ། མེས་རྒྱལ་སྔར་ལས་སྟོབས་ལྡན་ཡོང་བའི་སྨོན་འདུན་ཞུས།

    འོམ་ཆུ་གྲོང་རྡལ་གསེར་བཟང་སྡེ་བའི་སྡེ་མི་དཀོན་མཆོག་ཚེ་རིང་གིས་བཤད་རྒྱུར། ལོ་འདི་གར་འདི་འདྲའི་ལྟད་མོ་ཡག་པོ་ཞིག་མཐོང་མ་ཐུབ། ད་ལོ་ལོ་སར་གྱི་བྲོ་བ་ཤིན་ཏུ་འཛོམས་པས་ཧ་ཅང་དགའ་ལ། ཕ་ཡུལ་ཇེ་བཟང་ནས་ཇེ་བཟང་དང་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྱུར་བར་ཤོག་ཟེར།

    རིག་རྩལ་འཁྲབ་སྟོན་ནི་ཐེངས་འདིའི་བྱེད་སྒོ་ཡི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཏེ། ཕྱི་དྲོའི་དུས་ཚོད3སྟེང་།《ལྷ་མཚོའི་བུ་བུ་མོས་རྫོགས་ལྡན་བསུ》ཞེས་པའི་ཞབས་བྲོས་མགོ་བརྩམས་ཤིང་། གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་ཆང་གཞས་དང་ཞབས་བྲོ། སྒྲ་སྙན་རྡུང་ལེན་སོགས་ལོ་སར་དགའ་སྟོན་གྱི་སྤྲོ་སེམས་དང་སྲོལ་རྒྱུན་རིག་གནས་ཀྱི་བྲོ་བ་འཛོམས་པའི་འཁྲབ་སྟོན་མང་དུ་བྱས་པར། དགའ་འབོད་ཀྱི་ཐལ་མོའི་རྡེབ་སྒྲ་ནི་མཚོ་སྔོན་པོའི་རླབས་སྒྲ་ཇི་བཞིན་འཇགས་ཐབས་བྲལ་ལ། འཁྲབ་སྟོན་གྱིས་མི་དམངས་མང་ཚོགས་ལ་སྤྲོ་སྣང་དང་སྨོན་འདུན་བསྐྱལ་བར་མ་ཟད། ཡར་ཐོན་གྱི་རིག་གནས་ཁོར་ཡུག་བསྐྲུན་ཏེ། མཐུན་སྒྲིལ་འབད་བརྩོན་གྱི་སེམས་ཤུགས་བསྩལ་ཡོད།

    འོམ་ཆུ་གྲོང་རྡལ་འཕན་པོ་སྡེ་བའི་སྡེ་མི་རིན་ཆེན་བཀྲ་ཤིས་ཀྱིས་བཤད་རྒྱུར། ད་ལོའི་ལོ་སར་གྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། ཕ་ཡུལ་གྱི་སྟོབས་འབྱོར་དང་དར་རྒྱས་ཚོར་ཐུབ་པས། ཕ་ཡུལ་གྱི་བདེ་སྐྱིད་རྟག་བརྟན་ཡོང་བའི་སྨོན་འདུན་ཞུ་ཟེར།

    དགོང་མོའི་དུས་ཚོད7སྟེང་། མང་ཚོགས་མང་པོ་ཞིག་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་རུ་འཛོམས་ཏེ། ལམ་འགྲམ་དུ་ཀྲུང་ཧྭའི་སྲོལ་རྒྱུན་གྱི་ལྒང་ཞུ་འགྲེམས་སྟོན་བྱས་ཤིང་། ཉ་གང་དུང་ཟླའི་དཔལ་ལ་རོལ་བཞིན་གབ་ཚིག་འདྲི་རེས་དང་ཤོམ་འགྲོའི་འགྲན་སྡུར་སྤེལ་ལ། དགའ་སྐྱིད་ཀྱིས་དགོད་སྒྲས་ཁེངས་ཡོད། དགོང་མོའི་དུས་ཚོད8སྟེང་། མཚན་མོའི་མཁའ་དབྱིངས་སུ་ཤོག་སྦག་སྣ་ཚོགས་ཀྱིས་འཇའ་འོད་ཕུབ་པ་སྤང་གི་ཁྲ་ཆིལ་མེ་ཏོག་བཞིན་རབ་ཏུ་མཛེས་ཤིང་། མིག་དབང་འཕྲོག་པའི་ལྟད་མོ་དང་བདེ་ལེགས་ཡོང་བའི་སྨོན་འདུན་ཁྲོད་བཀྲ་ཤིས་ཡོས་ཀྱི་ལོ་སར་ཕར་ལ་བསྐྱལ།

    དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར། ལྒང་ཞུའི་དུས་ཆེན་གྱི་ཉིན་མོ་འདིར་དཀོན་ལོ་གོང་མ་སྡེ་བའི་ཡུལ་མི་སྤུན་ཟླ་ཚང་མ་གནས་འདིར་འཛོམས་ཏེ་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། གཞེས་ནིང་གི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་གནས་འདིར་ཕེབས་པ་ནས་བཟུང་རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་དཀོན་ལོ་གོང་མ་སྡེ་བར་ཐུགས་ཁུར་དང་རྒྱབ་སྐྱོར་དཔེ་མེད་གནང་བར་བཀའ་དྲིན་ཞུ། ཉེ་བའི་ལོ་འདི་གར། རྒྱུན་མཐུད་ངང་སྡེ་བའི་སྤུས་ལེགས་ཀྱི་རིག་རྩལ་ཐོན་ཁུངས་གཅིག་སྡུད་དང་། “སྲོག་ཤིང་གཅིག་དང་རུ་ཁག་ལྔའི”རིག་གནས་དྲིལ་སྒྲོག་གི་ནུས་པ་འདོན་སྤེལ་བྱས་པས། རིག་གནས་ཀྱི་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་དེ། མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གྱུར་སོང་། འདི་ནི་ང་ཚོའི་འབད་བརྩོན་གྱི་དམིགས་འབེན་ཡང་ཡིན་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号