ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

ཟླ11པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས81པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཐོན་སྐྱེད་མང་བ་དང་ལས་ཕྱོད་མཐོ་བའི་འདེབས་འཛུགས་གསོ་སྤེལ་དང་ནུས་རྒྱུ་གཙང་མ། མཐོ་སྒང་བོད་ལུགས་གསོ་རིག་སྨན་རྫས་སོགས་གཙོ་གནད་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་བསྣན་ནས"ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་བ"བཅས་ཀྱི་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱིས་སྣེ་ཁྲིད་དེ། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། མཚོ་བྱང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་ནང་ཧུར་ཐག་ཞུགས་པ། སྲིད་གཞུང་གི་མཛུབ་སྟོན་དང་ཚོང་རའི་འཁོར་སྐྱོད་ལ་བརྟེན་ནས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་དགོས་ཟེར།


ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་སྤྱི་ཚོགས་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞི་རིམ་ལ་ནུས་པ་སྦྱིན་པ་དང་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བར་དམ་འཛིན་ཏན་ཏིག་བྱས་ཏེ། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སྔར་ལས་ལེགས་པོ་འདེབས་པ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱེད་དགོས། དཔལ་འབྱོར་གྱི་རྩ་འཛུགས་གསར་བ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་བ། ལས་ཞུགས་ཚོགས་པ་གསར་བ་བཅས་ཀྱི་ཏང་འཛུགས་སྐྱོང་བྱ་བ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། གསར་དར་ཁྱབ་ཁོངས་ནང་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུ་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། "གཞི་རིམ་དུ་སྐྱོད་པ་བཞི"ཡི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་ངོ་བཅར་སྣེ་ལེན་དང་གཞི་རིམ་དུ་ངོ་བཅར་ལ་བསྐྱོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཡིག་བསྐུར་ངོ་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཟེར།


ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་གྱིས་རྐང་ཐང་བར་བརྡུངས་པའི་གྱོད་གཞིར་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། བསླབ་བྱ་བསྡུ་ལེན་གཏིང་ཟབ་དང་འགན་འཁྲིའི་སྦྲེལ་ཐག་དམ་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན་གྱི་རྩ་བ་དམ་པོར་བཟུང་ནས་ཐལ་དྲགས་པའི་གྱོད་གཞིའི་དོན་རྐྱེན་འབྱུང་རྒྱུ་ནན་འགོག་བྱེད་དགོས། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་སྨན་བཅོས་དང་ལས་ཞུགས་སོགས་དམངས་འཚོའི་འགན་ལེན་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ། འགལ་བ་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་སེལ་གང་ཐུབ་བྱེད་དགོས། ཁ་ཆར་དང་འཁྱགས་རོམ། གཞུང་ལམ་འགྲིམ་འགྲུལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་བཟོ་གཏེར་ཚོང་དོན་སོགས་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་འགུལ་རྣམ་གཙང་སེལ་བྱ་རྒྱུ་མུ་མཐུད་དམ་འཛིན་ཏན་ཏིག་བྱས་ཏེ། དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས་ཟེར།


ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང"ཡོང་འབབ་གཉིས"ཀྱི་ལས་གཞིའི་མ་འཇོག བཟོ་ལས་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་དཔྱད་ཞིབ་དམིགས་ཚད་ལ་དམིགས་ནས་དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱད་དེ། ཞན་ཆ་གསབ་པ་དང་སྟོང་ཆ་སྐོང་བ། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་པ་དང་། སང་ལོ་དང"ལྔ་བཅོ་ལྔའི"འཆར་འགོད་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ཡག་པོ་བྱེད་དགོས། མགོ་ཁྲིད་ལས་བྱེད་པས"1+10"ཡིས་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ནས། དམངས་འཚོ་འགན་ལེན་གྱི་བྱ་བ་སོ་སོ་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་སོགས་རིགས་སོ་སོའི་ཚུར་ལན་བསམ་འཆར་དག་ཐེར་བྱས་ཚུལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ། རིགས་སོ་སོའི་གནད་དོན་རྩིས་ཁྲ་མེད་པར་བཟོ་བ་དང་དག་ཐེར་གནད་ལ་འཁེལ་བ་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ནས་དགུན་དུས་ཀྱི་ཡུལ་སྐོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་སྟེ། གངས་འཁྱགས་ཡུལ་སྐོར་དེ་དཔལ་འབྱོར་གྱི་འཕར་གཞི་གསར་བ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རང་གཅུན་ནན་མོ་དང་འགན་སྲུང་ནན་མོ། དོ་དམ་ནན་མོ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྒྲིག་ཏན་ཏིག་བྱས་ནས། སྤྱོད་ཚུལ་བཟང་པོར་བརྟེན་ཏེ་བྱ་བ་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།


ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号