ཁྱད་ལྡན་ཐོན་ལས་མ་ལག་གིས་གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསར་པ་བྲིས་པ།

—མདོ་ལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆི་ཚེ་རིང་ལ་བཅར་འདྲི་བྱས་པ།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རྒྱུན་མཐུད་སྒོས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས”འཛུགས་སྐྲུན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི“རིགས་དང་སྤུས་ཀ ཟོང་རྟགས”བཅས་གནད་དུ་བཟུང་ནས་དོ་སྣང་བྱས་ལ། རིམ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་དང་སྐྱེ་ཁམས་གསུམ་མཐུན་སྦྱོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་བས། ཞིང་ཕྱུགས་ལས་རིགས་ཀྱི་ཕན་ནུས་ཇེ་མཐོ་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།

ཉེ་ཆར། གསར་འགོད་པས་ཐོན་ལས་སྤུས་འདེགས་དང་སྤུས་ཀ་ཇེ་མཐོ། ཆས་རྟགས་གསར་སྐྲུན་སོགས་ཞིང་ཕྱུགས་ལས་རིགས་ཇི་ལྟར་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་གནད་དོན་ཐད་ནས་མདོ་ལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆི་ཚེ་རིང་ལ་བཅར་འདྲི་བྱས།

ཆི་ཚེ་རིང་གིས་བཤད་རྒྱུར། ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། མདོ་ལ་རྫོང་གིས་ཞིང་ཕྱུགས་རྒྱུད་བཟང་གསོ་སྤེལ་དང་སོན་བཟང་ཐོན་ཁུངས་ཀྱི་སྲུང་སྐྱོབ་མ་ལག་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་། སྦྲུམ་མང་འབྲོག་ལུག་དང་རྭ་མེད་འབྲོག་ལུག་དཀར་པོ་སོགས་རིགས་རྒྱུད་གསར་པའི་གསོ་སྤེལ་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་མགོ་བརྩམས་ལ། མདོ་ལའི་འབྲོག་ལུག་དང་ནོར་གནག་གི་རྒྱུད་འཛིན་ཐོན་ཁུངས་མིང་ཐོ་འགོད་པའི་སྙན་ཞུ་བྱ་བར་འཕེལ་རིམ་གསར་པ་ཐོབ་ཅིང་། ནོར་གནག་དང་ཨན་ཀི་སིའི་གླང་བོ་གཉིས་ཀྱི་རྒྱུད་འདྲེས་གསོ་སྤེལ་ལག་རྩལ་དཔེ་སྟོན་དང་ཁྱབ་གདལ་དུ་བཏང་བར་མ་ཟད། ད་ལོའི་ཟླ6པར་མདོ་ལ་རྫོང་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་དུ་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ལུག་འཕེལ་རྒྱས་གཏོང་བའི་ཞིབ་འཇུག་གླིང་ཐོག་མ་བཙུགས། རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་རྒྱུ་ཆ(ནས་དང་ལོག་དཀར)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ས་མུའུ་ཁྲི3.6(སྤྱི་ཆིང2400)བསྐྲུན་ཏེ། རྫོང་ཡོངས་ཀྱི་སོན་བཟང་ཁེབས་ཚད98%ལ་སླེབས། ལོ་རེའི་ཕྱུགས་ཟོག་གི་འཕེལ་ཚད་ཁྲི110.75ཡོད་པ་དང་། ལོ་རེའི་བཤས་རར་གཏོང་ཚད་ཁྲི39.02ཡོད་པ་རེད། མདོ་ལ་རྫོང་གི་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར8.13ཡོད་པ་དང་། ཞིང་སྡེའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར22266ཡོད་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི2589.54ཡོད་ཅིང་། མདོ་ལ་རྫོང་གི་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་དང་སྡེ་བའི་དཔལ་འབྱོར་ཡོང་སྒོ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་བཅས་བརྟན་བརླིང་ངང་འཕར་སྣོན་བྱུང་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་ཞིང་ཕྱུགས་ལས་རིགས་ཇི་ལྟར་སྤུས་འདེགས་རིམ་སྤར་བྱེད་རྒྱུ་ཡིན་ནམ། ཆི་ཚེ་རིང་གིས་བཤད་རྒྱུར། ཐོན་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། ལྗང་མདོག་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་འཕར་ནུས་མཐོའི་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ། ས་གཤིས་ལ་བརྟག་ནས་ལུད་འཇོག་པ་དང་སྤུས་ལེགས་གཟན་རྩྭ་འདེབས་འཛུགས། འབྲོག་ལུག་དང་ནོར་གནག་ནུས་མཐོ་གསོ་སྤེལ་སོགས་ཞིང་ཕྱུགས་ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མདོ་ལ་རྫོང་ཞིང་ཕྱུགས་ཐོན་རྫས་སྤུས་ཀ་བདེ་འཇགས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་ཚོད་ལྟ་ཁང་ལ་ཞིང་ལས་ཐོན་རྫས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱི“ཁས་ལེན་དཔང་ཡིག་གཉིས”ཐོབ། མདོ་ལ་རྫོང་གི་ཁས་ལེན་ཐོབ་པའི་སྐྱེ་ལྡན་རྩྭ་ས་མུའུ་ཁྲི1409.63(སྤྱི་ཆིང་ཁྲི94)ཡོད་པ་དང་། “ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་ཁས་ལེན་ཐོབ་པའི་ཐོན་རྫས100ལ་སླེབས་པར་མ་ཟད། དེའི་ཁྲོད་དུ་ལྗང་མདོག་ཐོན་རྫས་ཀྱི་རིགས53ཡོད་པ་དང་། སྐྱེ་ལྡན་ཐོན་རྫས44ཡོད་ལ། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས3བཅས་ཡོད། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས2དང་ཞིང་ཆེན་རིམ་པའི་སྣེ་ཁྲིད་ཁེ་ལས1དང་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ2བཅས་གསོ་སྐྱོང་བྱས་ལ། སྡེ་བ་རིམ་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང123དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ122ཡོད། 2024ལོ་ནས་བཟུང་། མདོ་ལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.8ཧྲག་སྡེབ་བྱས་ཏེ་ཞིང་ཕྱུགས་ལས་རིགས་ཀྱི་ལས་གཞི61ལག་བསྟར་བྱས་པ་དང་། འབྲོག་ལུག་དང་ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་དང་ནོར་ལུག་གི་གཏན་འཁེལ་བཤས་ར། གཟན་རྩྭ་གསོག་འཇོག་ཁང་སོགས་སྐྱེ་ཁམས་ཕྱུགས་ལས་ཆ་སྒྲིག་བཟོ་འགོད་བཅས་རྩ་བའི་ཆ་ནས་ཁ་ཚང་དུ་བཏང་ཡོད།

ཟོང་རྟགས་སྣང་བརྙན་ལེགས་པོ་ཞིག་གིས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་རྒྱ་བསྐྱེད་པར་ནུས་པ་ཅི་འདྲ་ཐོན་ནམ། ཆི་ཚེ་རིང་གིས་བཤད་རྒྱུར།  མདོ་ལ་རྫོང་གིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དང་མཚོ་སྔོན་གྱི་རྐང་གྲུག་འགྲན་སྡུར་ཆེན་མོ། ན་ཏམ་ཚོགས་ཆེན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ཀྱི་གོ་སྐབས་བཟང་པོར་བརྟེན་ནས། ཞིང་ཕྱུགས་ཁེ་ལས་དང་མཉམ་ལས་ཁང་རྩ་འཛུགས་བྱས་ཤིང་ཐོན་རྫས་རིགས110ལྷག་འཁྱེར་ནས་འགྲེམས་ཚོང་བྱ་འགུལ་དུ་ཞུགས་ཏེ། ཟོང་རྟགས་ཀྱི་ཤན་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། མདོ་ལའི་ཤྭ་མོ་སེར་པོ་ཐོན་ལས་ཀྱི་རྩེར་སོན་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་མཐུད་སྦྲེལ་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། ཐེན་ཅིན་ཚན་རྩལ་སློབ་ཆེན་དང་མཉམ་ལས་བྱེད་པའི་འདུན་པ་ཡོད་པར་མ་ཟད། ད་ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་གྱི་ཆི་ལེན་ཤྭ་མོ་སེར་པོ་བསྡུ་འགྲེམས་ལྟེ་གནས་ཐོག་མ་བཙུགས། དྲ་ལམ་དང་ཡུལ་དངོས་གཉིས་སུ་འཚོང་བ་རྒྱུན་འཁྱོངས་དང་། ཞིང་ཆེན་ཕྱི་ནང་དུ་ཐད་ཚོང་ཚོང་ཁང15བཙུགས། རྒྱུད་འབྲེལ་ཚོང་ཁང་དང་ཐད་ཚོང་། གློག་རྡུལ་ཚོང་དོན་སོགས་དར་སྲོལ་ཆེ་བའི་ལས་རྣམ་འཕེལ་རྒྱས་ལ་ཤུགས་སྣོན་པ། “སྦྲེལ་དྲ+ཞིང་ཕྱུགས་ཐོན་རྫས”སོགས་མ་དཔེ་གསར་པ་གསོ་སྐྱོང་བྱས་ཏེ། མདོ་ལའི་སྤུས་ལེགས་ཐོན་རྫས་ཀྱི་སྙན་གྲགས་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། ཁེ་ལས་ཆུང་ཆུང་གིས་ཞིང་ཕྱུགས་ཐོན་ལས་གསོ་སྤེལ་གླིང་དུ་ཐོན་སྐྱེད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཐོན་རྫས་ལས་སྣོན་གྱི་ཐོན་སྐྱེད་འཁོར་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་པ། ཤ་སྐམ་དང་བོད་ཇ། བྲོ་ལྡན་འབྲི་ཞོ་སོགས་མང་ཚོགས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་། དེ་མིན་གླ་རྩིའི་ཆང་དང་ཀུའོ་པའི་སྐྱུར་ཁུ། ཤྭ་མོའི་འདག་ཁུ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད་བྱེད་པར་སྐུལ་མ་བྱས་ཏེ། ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་དེ་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་བྱས།

ཆི་ཚེ་རིང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། “སྤུས་ཀ་མཐོར་འདེགས་དང་གྲངས་འབོར་བརྟན་བརླིང་། སྦྲེལ་ཐག་ཁ་གསབ། སྐྱེལ་འདྲེན་རྒྱ་བསྐྱེད”ཀྱི་ཐབས་ལམ་ལ་དམིགས་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་པར་ཕན་འབྲས་ཡོད་པ། སྣེ་ཁྲིད་སྟོབས་ལྡན་དང་སྦྲེལ་ཐག་ཁ་གསབ། ལས་རྣམ་དར་རྒྱས། ཟོང་རྟགས་བསྐྲུན་པ་བཅས་བྱས་ཏེ། མདོ་ལ་རྫོང་གི་ཞིང་ཕྱུགས་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། 《མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་གསར་སྐྲུན་བྱེད་པའི་ཆེད་དོན་འཆར་འགོད》དང《མདོ་ལ་རྫོང་གི‘མདོ་ལའི་འབྲོག་ལུག’ས་གནས་ཀྱི་ཁྱད་ལྡན་ཟོང་རྟགས་སྤུས་ལེགས་གསོ་སྐྱོང་དང་འཕེལ་རྒྱས་འཆར་འགོད》སོགས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་སྒྲིག་བཟོ་བྱས་ཏེ་དཔར་འགྲེམ་བྱས།

“རྗེས་ཕྱོགས་མདོ་ལ་རྫོང་གིས་ཆི་ལེན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་གནས་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བྱེད་རྒྱུ་ཡིན་ལ། ནུས་ཤུགས་གང་ཡོད་ཀྱིས‘གླིང་གཉིས་དང་ཁུལ་གཉིས། གནས་གསུམ་དང་རྒྱུད་བཞི། རྟེན་གཞི་ལྔ’ཡི་ཐོན་ལས་འཕེལ་རྒྱས་ཆགས་སྟངས་ལ་སྐུལ་འདེད་བྱེད་པ་དང་། ‘གཅིག་ཅན་དགུ’ཡི་སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་དམིགས་འབེན་ལ་དམིགས་ཏེ། ཞིང་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་བཀོད་རིམ་པ་སྤར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ།  ཐོན་རྫས་ལས་སྣོན་གྱི་བརྗེ་སྤོར་ཚད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཚོང་རའི་འགྲན་རྩོད་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། མདོ་ལའི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་བཟང་ཟོང་རྟགས་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན།  དུས་མཚུངས་སུ། ཐོན་ལས་གཞི་ཁྱོན་དང་སྤུས་ཀ ཕན་འབྲས་ཇེ་མཐོར་གཏོང་བའི་ཐད་ཤུགས་འདོན་པ་དང་། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པ། གཏིང་ཤུགས་ཆེ་བའི་ཐོན་ལས་ལས་གཞི་ཁ་ཤས་ཇུས་འགོད་དང་ལག་བསྟར་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ཐོན་ལས་ཀྱི་འདེགས་སྐྱོར་སྔར་བས་བརྟན་པོ་ཞིག་མཁོ་སྤྲོད་བྱེད་རྒྱུ་ཡིན”ཞེས་ཆི་ཚེ་རིང་གིས་བཤད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号