མོ་བློན་མཐོན་པོའི་གཟི་དཔལ། 

ལྕགས་ཐར་འབུམ།


བདག་ནི་མོ་བློན་མཐོན་པོའི་གཟི་དཔལ་ལས་ནར་སོན་པའི་རྩྭ་ཐང་གི་སྐྱེས་པ་ཞིག བདག་ནི་མོ་བློན་མཐོན་པོའི་མཚར་ཉམས་ལ་ཡིད་ཀྱི་བརྟན་པ་འཕྲོག་མྱོང་བའི་བརྩེ་ལྡན་གྱི་སྐྱེས་བུ་ཞིག     བདག་ནི་མོ་བློན་མཐོན་པོའི་ཀ་ཁའི་དབྱངས་རྟ་དང་སྡེབས་ནས་འཚར་ལོངས་བྱུང་པའི་བྱིས་པ་ཆུང་ཆུང་ཞིག


ནམ་རྒྱུན། ནུབ་མཚོ་གྲོང་བརྡལ་གྱི་ནུབ་ཕྱོགས་སུ་མིག་གིས་ལྟ་ཐེངས་རེར། བདག་གི་མཐོང་ལམ་དུ་རྒྱུ་བ་ནི་མཐོ་ཞིང་བརྗིད་པའི་མོ་བློན་མཐོན་པོ་རེད། ཁྱོད་འདི་ལྟར་མཐོ་ཞིང་བརྗིད་པས། བདག་ལ་སྨྲ་མི་ཤེས་པའི་མདུན་སྐྱོད་ཀྱི་ཚོར་བ་རྣོན་པོ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་མྱོང་།


ཁྱོད་ཀྱིས་ང་ཚོ་ནར་སོན་བཞིན་པའི་ཕྱི་རབས་པ་མང་པོ་ཞིག་ལ་ལ་རྒྱ་དང་སྙིང་སྟོབས་བསྩལ་མྱོང་ལ་སྤོབས་པ་དང་ཞེ་སྡང་གི་ངར་ཁ་ཡང་བླུད་ནས་རང་ས་གྲུ་བཞི་ནན་གྱིས་སྲུང་ཞིང་སྐྱོང་མྱོང་བས་ཁྱོད་ནི་དཔའ་མཛངས་རྟུལ་ཕོད་ཅན་གྱི་བློན་པོ་སྣེ་ཁྲིད་ཅིག


ཁྱོད་ཀྱིས་ཕྱི་རབས་པ་རྣམས་ལ་གསོང་བོའི་གཏམ་རྒྱུད་གླེང་མྱོང་ལ་ཀུན་ལ་ཕན་པའི་ཚེ་སྲོག་གི་གོ་ཁྲབ་གནང་ནས་རང་གཞན་ཀུན་ལ་གདུང་བའི་མྱ་ངན་གྱི་མུན་པ་སེལ་བར་བྱས་པས་ཁྱོད་ནི་ཕྱོགས་སྟོན་གྱི་སྒྲོན་མེ་ཞིག


ཁྱོད་ཀྱི་སེམས་རྒྱུད་ནི་དྲང་ཞིང་འཇམ་པས་ཁེ་ཕན་དང་སྒེར་ཚུགས་ཀྱི་མདུན་སར་ཁྱོད་ནི་གནམ་འདེགས་ཀྱི་ཀ་བ་བཞིན་བརྟན་ཞིང་བརླིང་།


ཁྱོད་ཀྱི་སྤྱོད་ལམ་ནི་དུལ་ཞིང་ཡང་པས་རང་དོན་དང་སྤྱི་ཕན་གྱི་ཉག་ཁར་ཁྱོད་ནི་དགྲ་འགོག་གི་ལ་བཙས་བཞིན་མཐོ་ཞིང་བརྗིད།


ཁྱོད་ཀྱིས་ཡུལ་ཕྱོགས་འདིའི་སྐྱེ་དགུ་ཡོད་ཚད་ཀྱི་བདེ་སྡུག་གི་ཕྱིར། ཉིན་མཚན་དབྱེར་མེད་དུ་འགྲོ་བ་སེམས་ཅན་རྗེས་སུ་བཟུང་བའི་ལྷག་བསམ་གྱི་མེ་ཏོག་གང་མང་མདའ་བཞིའི་རྩྭ་ཐང་ན་ཁྲ་ལམ་མེར་ནམ་མཁའི་སྐར་ཚོགས་དང་འདྲེས་ཡོད།


ཁྱོད་ཀྱིས་མཚོ་སྔོན་པོའི་འགྲམ་དར་གྱི་རྔམས་ཁ་ཅི་འདྲ་རྒོད་རུང་མཚོ་སྔོན་པོའི་ཁེར་སྡུག་གི་སྐྱོ་གླུ་ཤུགས་ཀྱིས་བླངས་མ་མྱོང་།


ཁྱོད་ཀྱིས་མཚོ་མོའི་གྲང་འཁྱག་གི་ངར་ཁ་དལ་གྱིས་བརྒལ་བཞིན་སེམས་པ་དགུན་ཟླ་གསུམ་གྱི་གྲང་རེག་གིས་གཙེས་ཀྱང་། བློ་ཡི་འཁྱེར་སོ་མཚོ་མོའི་བྱང་ཕྱོགས་སུ་སྒོམ་བཞིན་སེམས་གཞས་ཕྲ་མོའི་མགུར་དབྱངས་དགུང་དུ་བསྟད་མྱོང་།


ཁྱོད་ཀྱིས་ས་ཆེན་གྱི་བྲང་སྟོད་ཚལ་བར་བཤགས་པའི་གཏམ་རྒྱུད་དེ་ས་ཕྱོགས་ཀུན་གྱི་རྒན་པ་དག་གི་ངག་གི་མཆོད་པ་རུ་ཕུལ་ཡོད།


ཁྱོད་ཀྱིས་མདའ་བཞི་རྩྭ་ཐང་ལ་སྦྱིན་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་ཡུལ་ཕྱོགས་ཀུན་གྱི་མགྲོན་པོའི་ངག་གི་དབྱངས་རྟ་རུ་གྱུར་ཡོད།


ཁྱོད་ཀྱིས་མདའ་བཞི་རྩྭ་ཐང་ལ་གནང་བའི་གཟི་བྱིན་གྱི་ལྷ་དར་དཀར་པོ་དེ་སྤྲིན་གྱི་ཕུང་བོ་བཞིན་ས་ཆེན་གྱི་ཁུགས་སོ་རེ་རེ་ན་དལ་གྱིས་འཛུམ་ཡོད།


ཁྱོད་ཀྱིས་མདའ་བཞིའི་མ་འོངས་ལ་བསྩལ་བའི་ཀ་ཁའི་འགྱུར་ཁུགས་དེ་བློ་རིག་གི་མཐུ་རྩལ་འཛོམས་པའི་སྐྱེས་བུའི་སྲོག་གི་སྐྱོར་མ་རུ་བཏེགས་ཡོད།


ད་ལོ། སྐྱེས་ཆེན་དམ་པ་རྣམས་ཀྱིས་ཐུགས་འོག་ནས་ང་ཚོ་སླར་ཡང་ལམ་ལ་མཆིས་ཟིན།


མོ་བློན་མཐོན་པོ། མཚོ་སྔོན་པོའི་རླབས་ཕྲེང་གི་ཐུ་འོག་ནས་བྱང་ཕྱོགས་སུ་གཟིགས་རོགས།


ང་ཚོ་མདའ་བཞི་བ། ནམ་ཡང་ཁྱོད་ཀྱི་ཉེ་ས་ན་ཁ་རོག་གེར་ཁྱོད་ཀྱི་གསུང་དབྱངས་ལ་རྣ་བ་བླགས་ནས་མཉན་ཡོད།


མོ་བློན་མཐོན་པོ། རྩེ་མོ་དགུང་ལ་སྙེག་པའི་མཐོན་པོ་རི་རྒྱུད་ཀྱི་རྔམ་ཁ་ནས་དལ་གྱིས་བཞེངས་རོགས།


ང་ཚོ་མདའ་བཞི་བས། དུས་རྒྱུན་ཁྱོད་ཀྱི་ཉེ་ས་ནས་ལྷ་བསང་དང་མཆོད་འབུལ་གྱི་ཆོ་ག་སྒྲུབ་བཞིན་འཛམ་གླིང་ལ་ཞི་བདེ་དང་གོད་ཆགས་མེད་པའི་སྐྱབས་འཇུག་ཡང་ནས་ཡང་དུ་ཞུ་བཞིན་མཆིས།


དེ་རིང་། སྤོབས་པའི་རྔམ་ཁ་མཐོ་བའི་འོད་རླབས་ཤིག་གམ། གཏན་དུ་འཇགས་ཐབས་བྲལ་བའི་དབྱངས་རྟ་འཇམ་པོ་ཞིག  ཚེ་སྲོག་གི་གླུ་སྐད་དང་སྡེབས་ནས་ཁྱོད་ཀྱི་པང་དུ་ཟགས། ཨ་མའི་བྱམས་བརྩེ་དང་འདྲ་བའི་དྲོད་ཁོལ་གཉོམ་པོ་ཞིག་གིས། ཁྱོད་ཀྱི་ས་ཆེན་དང་མཁའ་དབྱིངས། རི་ཀླུང་དང་ཆུ་རྒྱུན། རྩི་ཤིང་དང་མེ་ཏོག་སོགས་རྣམ་པ་གསར་བ། སེམས་རྒྱུད་གསར་བ། ཡོད་ཚད་གསར་བ་ཞིག་གི་སྒོ་གླེགས་ངང་གིས་ཕྱེས་ཡོད།


མོ་བློན་མཐོན་པོ། ང་ཚོས་ཚེ་སྲོག་གི་དབྱངས་རྟ་གཉོམ་པོ་ཁྱོད་ཀྱི་པང་དུ་གཏོར་བ་ནས་བཟུང་། ངའི་བྱིས་བློ་ཡི་འཇིག་རྟེན་གྱི་གྲུ་ག་རེ་ན། ཁྱེད་ཀྱི་རྟོགས་བརྗོད་ཀྱི་ཡིག་འབྲུ་ཁ་བའི་འདབ་མ་བཞིན་བབས་ཡོད། བྱ་རྒྱལ་ཁྱུང་གི་མཐུ་རྩལ་རྒོད་པས། དུག་སྦྲུལ་ནག་པོ་རྡུལ་དུ་བརླགས་པའི་ངོ་མཚར་བའི་གཏམ་རྒྱུད་རེ་རེ། ང་ཚོའི་དྲན་པའི་ཡོལ་ངོས་སུ་འཆར་བའི་མཚར་སྣང་སྣ་ཚོགས། གཏམ་རྒྱུད་ཀྱི་གསང་བ་རྟོགས་པའི་ངོས་ཟིན་གྱི་ཐོག་མ། ཉི་ཟེར་གྱི་འོད་མདངས་དང་ལྷན་དུ། མེ་ཏོག་སེར་ཆེན་གྱི་བཀྲག་མདངས་དང་མཉམ་དུ། འབའ་འབའ་ལུ་གུའི་གདངས་དབྱངས་དང་ཆབས་ཅིག  མདའ་བཞིའི་ཡུལ་མི་ཚོའི་མཛའ་བརྩེ་དང་བྱམས་སྐྱོང་ཁྲོད་གཉོམ་ལག་རྒྱས་ཤིང་ཕྱོགས་བཞི་ཐབས་ཀྱིས་བསྐྱངས།


མོ་བློན་མཐོན་པོ། ང་ཚོས་ཚེ་སྲོག་གི་གླུ་སྐད་དྭངས་མོ་ཞིག་ཁྱོད་ཀྱི་མངལ་དུ་བཞག་པ་ནས་བཟུང་། ངའི་བྱིས་བློ་ཡི་ཡིད་སྣང་གི་གྲུ་ག་རེ་རེ་ན། ཁྱོད་ཀྱི་མཛད་རྗེས་ཀྱི་ངག་འཕྲིན་མེ་ཏོག་བཞིན་ས་ཆེན་གྱི་པང་བ་ན་ལྷམ་མེར་བཞད་ཡོད། བཞུད་ཟིན་པའི་མེས་པོ་ཚོས།  ཁྱེད་ཀྱི་བྲང་གཞུང་དུ་དཔར་བའི་གསེར་གྱི་ཞབས་རྗེས་རེ་རེ་ངང་གིས་བཏུས་མྱོང་། རྒན་རབས་པ་ཚོས། ཁྱོད་ཀྱི་སྤྱི་གཙིག་ཏུ་བསྒྲེངས་པའི་དར་གྱི་རྒྱལ་མཚན་དེར་ཤུགས་ཀྱིས་འཇུས་ཡོད། ང་ཚོས་དབྱངས་གསལ་གྱི་ང་རོ་ངག་ལ་གྱེར་ནས། ཁྱོད་ཀྱི་མཛད་འཕྲིན་རེ་རེ་གློག་གི་བར་སྣང་ལ་འདྲེས་སུ་བཅུག་ཡོད།


མོ་བློན་མཐོན་པོ། ང་ཚོས་མཐོ་བ་རི་རབ་དང་དམའ་བ་རྒྱ་མཚོ་ལ་འདྲི་བཞིན། ཁྱོད་ཀྱི་གཟི་དཔལ་གྱི་བར་སྣང་ད་ལྟ་དངོས་སུ་ཡངས་བོར་ཕྱེས་ཡོད། སྦྱངས་སྟོབས་ཀྱིས་གཞལ་བར་དཀའ་བའི་ཤེས་རིག་ནོར་བུའི་གཏེར་མཛོད་རེ་རེ་བཞིན་ཐབས་ཤེས་ཀྱི་བློ་མིག་གིས་ཧུར་གྱིས་བཙལ་ཞིང་། དཔལ་ཡོན་གཉིས་ལྡན་གྱི་རླབས་རྩེར་འགོད་པར་བྲེལ་དང་བྲེལ་བཞིན་མཆིས།


མོ་བློན་མཐོན་པོ། དེ་རིང་ང་ཁྱོད་ཀྱི་སྒལ་གཞུང་དུ་ཀྲོང་ངེར་འགྱིང་ཡོད། ང་ཁྱོད་ཀྱི་ཕྱག་ཟུང་དྲོན་མོའི་དཀྱིལ་འཁོར་ན་ངང་གིས་འཚོས་ཡོད། ཡིད་དགའ་ཆོས་འཛིན་གྱི་དཔལ་ཡོན་དང་ཚན་རིག་ལག་རྩལ་གྱིས་བསྐྲུན་པའི་ངོ་མཚར་བའི་ཕོ་བྲང་གཞལ་དུ་མེད་པ་ཞིག  དུས་ད་ལྟ་བདག་གི་མཐོང་ལམ་དུ་ངང་གིས་མངོན་བྱུང་། ཞི་བདེ་དང་འཆམ་མཐུན་གྱི་དྲི་བསུང་མངར་མོ་ཡང་ཚོར་བྱུང་ལ། མཛའ་མཐུན་དང་འཕེལ་རྒྱས་ཀྱི་རྡོག་སྒྲ་ཡང་མོ་ཞིག་ཀྱང་ཐོས་བྱུང་། དུས་དེ་རིང་། ང་ཚོས་བརྩེ་སེམས་ཀྱི་གོམ་པའི་ཤུགས་ལ་བརྟེན་ཏེ། ཁྱོད་ཀྱི་འདས་མ་ད་གསུམ་ལ་ཞིབ་ཉུལ་ཐེངས་ཤིག་བྱེད་ན་འདོད།


མོ་བློན་མཐོན་པོ། མཚོ་སྔོན་པོ་གཡུ་ཡི་མེ་ལོང་གི་ནང་བློན། གངས་འདབས་ཀྱི་གླུ་སྐད་སྙན་མོ་དང་། གྲོང་ཁྱེར་གྱི་བརྙན་མིག་ཡོད་ཚད་ཁྱོད་ལ་གཏད་པ་ནས། ཁྱོད་ཀྱིས་མཐུན་སྒྲིལ་གྱི་རྨུ་ཐག་རིང་མོ་ཞིག་གསར་བསྐྲུན་བྱས་ཚར་ལ། རི་རབ་ཀྱི་རྔམ་ཁར་ཞོན་པའི་གསར་སྐྱེས་ཀྱི་ལང་ཚོ་རྫོགས་མེད་ཅིག ས་ཆེན་པོའི་པང་བ་རུ་བསྲིངས་པའི་དུས་རབས་ཀྱི་མགྱོགས་ལམ་ཡངས་མོ་ཞིག་ངང་གིས་བཏོད་ཤོག་ཡ། མོ་བློན་མཐོན་པོ་་་་་་་་


ལྕགས་ཐར་འབུམ།

ཕ་ཡུལ་ཁྲི་ཀ་ནས་སྐྱེས། ཀྲུང་གུང་ཏང་ཡོན་ཡིན། 1998ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་མཚོ་བྱང་ཁུལ་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭར་དགེ་རྒན་བྱས། 2012ལོ་ནས་བཟུང་ད་ལྟའི་བར་མདའ་བཞི་རྫོང་མདོ་ལ་རི་བོ་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་མཆིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号