བོད་ལོའི་ཉེར་དགུ་དང་མདའ་བཞིའི་དམངས་སྲོལ།

དམངས་ཁྲོད་རིག་གནས་ནི་བོད་མིའི་སྤྱི་ཚོགས་དང་འཚོ་བ་གཅིག་སྡུད་དུ་མཚོན་པའི་མེ་ལོང་ལྟ་བུ་ཡིན་ལ་ལུང་བ་རེ་ལ་ཆུ་རེ་དང་ཡུལ་ཕྱོགས་རེ་ལ་སྲོལ་རེ་ཡོད་པའང་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་གྲུབ་མཐའ་དང་འཚོ་གནས་ཁོར་ཡུག་སོགས་ཀྱི་དབང་གིས་ས་གནས་སོ་སོའི་དུས་ཆེན་ཐད་ཀྱང་རང་གི་ཁྱད་ཆོས་མངའ་བའི་ཡུལ་སྲོལ་གོམས་གཤིས་གང་མང་ཞིག་ཡོད་ལ་དེ་དག་སོ་སོ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་གི་འོག་ནས་འཕེལ་རྒྱས་བྱུང་བ་ནི་སྨྲས་མ་དགོས་པ་ཞིག་རེད། དེ་རིང་ང་ཚོས་ཆེད་དུ་འདིར་བོད་ལོའི་ཉེར་དགུ་དང་འབྲེལ་བའི་མདའ་བཞི་ས་ཆའི་དམངས་སྲོལ་སྐོར་ཞིག་ངོ་སྤྲོད་བྱས་ཡོད་པས་ཆད་ལྷག་ནོར་གསུམ་ཅི་བྱུང་ཐད་མཁྱེན་ཡངས་ཀློག་མཁན་དག་གིས་འཕྲི་སྣོན་དག་སེལ་མཛད་རོགས་ཞུ། 

དེ་ཡང་བོད་ལོའི་ཉི་ཤུ་དགུའི་ཉིན་མོརལོ་རྙིང་བའི་ཟླ་བ་མཐའ་མའི་ཚེས་ཉི་ཤུ་དགུ་ཉིན། ལོ་གཅིག་གི་རྐྱེན་ངན་གདོན་བགེགས་བཟློག་ཅིང་རྟེན་འབྲེལ་ལེགས་ཚོགས་ཀྱི་དགེ་བའི་དཔལ་འཕེལ་བར་དམིགས་ནས་དགུ་དུདམདའ་བཞིའི་ཡུལ་སྐད་དུ་དགུ་དོ་ཡང་ཟེར།སྤྲུག་པའི་ཡུལ་སྲོལ་རྒྱ་ཆེན་པོ་ཡོད་ཅིང་དེའི་རྩ་བའི་དམིགས་ཡུལ་ནི་ལོ་རྙིང་བ་དེའི་ནང་གི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་ནས་རྟེན་འབྲེལ་དང་ཕྱྭ་གཡང་འཁོར་བའི་ལོ་གསར་བ་ཞིག་ཚུར་བསུ་ཆེད་དགུ་དུད་སྤྲུག་པ་དང་དགུ་དཀར་བྱེད་པ། དགུ་མགོ་བཙོ་བ། དགུ་སྐྲ་བཞར་བ། དགུ་ཐུག་འཐུང་བ་བཅས་བྱེད་སྲོལ་ཡོད། 

གཅིག དགུ་དུད་སྤྲུག་པ།

བོད་ལོའི་ཉེར་དགུའི་ཞོགས་པར་ཁང་བ་དང་སྦྲ་ནང་དུ་ཆགས་པའི་དུ་དྲེག་རྣམས་གཙང་མར་སྤྲུག་ནས་ཕྱག་པ་དང་། ཁང་བའི་ནང་ལ་གད་བདར་གཙང་མ་བྱས་རྗེས་ཁྱིམ་ཕྱག་དག་ཁང་བའི་ནང་གི་གྲུ་ཕུགས་ཞིག་ཏུ་སྦས་ནས་ཉི་མསཉི་མ་མ་ཤར་སྔོན་དུ་དགུ་དུད་སྤྲུག་ཚར་དགོས།མི་མཐོང་བ་བྱ་དགོས་ཤིང་དགོང་མོ་མུན་རུབ་དུས་སུ་དགུ་དུད་ཅེས་པའི་ཁྱིམ་ཕྱག་ཕྱག་མ་དང་བཅས་ཁྱེར་ནས་ལོ་དེའི་ལོ་ལྷའི་ཁ་གཏད་དེ་ལོ་བདུད་ཀྱི་ཕྱོགས་སུ་དབོ་དགོས། ཕྱིར་ཡོང་དུས་སུ་དགུ་དུད་འཁྱེར་བྱེད་ཀྱི་སྣོད་ཀྱི་ནང་དུ་རིལ་མ་དང་སྤེན་མ། ཨོང་བ་སོགས་བཏུས་ནས་ཡོང་དགོས་པ་ལས་སྣོད་སྟོང་ཁྱེར་ནས་ཡོང་མི་རུང་། ད་དུང་ཉིན་དེའི་དགོང་མོར་ངེས་པར་དུ་ཕྱུགས་ཟོག་ཚང་མ་རི་ནས་མི་བསྐྱུར་བར་ལྷས་སུ་དེད་ཡོང་ནས་ཤིག་བདུད་བྱས་ན་ཀོད་ཁ་བཟློག་པ་དང་འཕེལ་ཁ་དྲང་བའི་རྟེན་འབྲེལ་ཡོད་པར་བཤད།

གཉིས། དགུ་དཀར་བྱེད་པ། 

དགུ་དཀར་ཞེས་པ་ནི་དཀར་རྩི་བྱུག་པར་གོ་ཞིང་སྔོན་ལ་ས་གཙང་ས་ཞིག་ནས་ས་དཀར་ལེན་དགོས་པ་དང་དེ་ནས་ས་དཀར་དེའི་ནང་དུ་ཆུ་གཙང་མ་བླུག་ཏེ་ས་བརྫིས་རྗེས་བསང་ཁྲིབསང་ཁྲིའི་སྟེང་རྡོ་དཀར་ཏེ་ཆེ་ཆུང་རན་ཞིང་ཅུང་ཆུང་བའི་རྡོ་དཀར་པོ་མང་བོ་བསང་ཁྲིའི་ཁ་སྐོར་དུ་སྒྲིག་དགོས་ལ་འདིའི་མིང་ལ་བསང་ཁྲིར་ཁ་དཀར་བྱས་ཀྱང་ཟེར།དང་ཐབ་ཀ ལུག་ར། འབུམ་ཁང་སོགས་ལ་དཀར་རྩི་བྱུག་པ་ཡིན། ཡུལ་འདིའི་ལོ་ལོན་ཚོའི་ངག་རྒྱུན་ཞིག་ལ་ཐབ་ཀ་ལ་དཀར་རྩི་བྱུག་པ་ནི་ཐབས་ཀ་ལྷ་སར་ཁྲིད་པ་ཡིན་ཟེར་ལ་ཡང་འགའ་ཞིག་གིས་ཐབ་ལྷ་དགྱེས་ཕྱིར་ཐབ་ཀ་གཙང་སྤྲ་བྱས་པ་ཡིན་ཚུལ་སོགས་ཀྱང་བཤད་པ་འདི་ཡང་དོན་གྱིས་ཕོ་བྲང་པོ་ཏ་ལར་དཀར་རྩི་གཏོང་བར་དཔེ་བྱས་པ་ཡིན་པས་དད་ལྡན་མང་ཚོགས་ཀྱི་སེམས་ཀྱི་རེ་འདུན་དང་ཆོས་དད་ཀྱི་སྨོན་འདུན་མཚོན་པ་ཡིན།དཀར་རྩི་བྱུག་ཚར་རྗེས་བསང་ཁྲི་དང་ལྷས་ར་སོགས་ཀྱི་སྟེང་དར་སྒྲིག་ནས་མཆོད་པ་འབུལ་བ་ཡིན་ལ་དེ་ནི་གཙོ་བོ་མཆོད་ཡུལ་གྱི་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་ཐུགས་དགྱེས་པ་དང་མཆོད་མཁན་རང་ཉིད་ཀྱིས་ཚོགས་བསགས་སྒྲིབ་སྦྱངས་བྱེད་པའི་ཕྱིར་ཡིན་པར་བཤད། གཞན་ཡང་དགུ་དཀར་གྱི་ཉིན་འདིར་ཁྱིམ་ཚང་ནང་གི་སྐྱེས་པའི་གྲངས་དང་མཉམ་པའི་བསང་ཁྲི་བརྩིགས་དགོས་པར་བཤད།

གསུམ། དགུ་མགོ་བཙོ་བ།  

ཡུལ་གྲུ་ལ་ལ་ནས་འདི་ལ་དགུ་ལུག་བཤའ་བ་ཞེས་ཉིན་འདིར་ལུག་ཅིག་བཤའ་སྲོལ་ཡོད། དགུ་མགོ་བཙོ་བ་ཞེས་པ་ནི་བོད་ལོའི་ཉེར་དགུའི་ཉིན་ལུག་མགོ་ཞིག་བཙོ་སྲོལ་ཡོད་པ་དེར་གོ་དགོས། འདི་ལ་ཐོག་མར་སླ་ངའི་ནང་དུ་ཆུ་དང་ནས་བླུག་རྗེས་དེའི་ནང་དུ་ལུག་མགོ་བཙོ་བ་ཡིན་ཞིང་དགོང་མོར་བཟའ་མི་ཚང་མ་མཉམ་དུ་འཛོམས་དུས་སུ་ངེས་པར་དུ་ལུག་མགོ་དེ་ཁྱེར་ཡོང་ནས་ཚང་མས་ཟ་དགོས་པ་ཞིག་ཡིན་ལ་ལུག་མགོ་དང་ལོ་འགོ་གཉིས་ཀྱི་སྒྲ་གདངས་ཤིན་ཏུ་མཐུན་པའི་དབང་གིས་ལུག་མགོ་ཟ་བ་ནི་གནམ་ལོ་གསར་ཚེས་ཀྱི་ལོ་འགོ་ཤར་བའི་རྟེན་འབྲེལ་ཡིན་པར་བཤད་ལ་ལོ་འགོ་བསུ་ཆེད་ལུག་མགོ་བཙོས་ནས་ཟས་ན་ལོ་གང་བོར་ཁ་ལ་ཟས་དང་རྒྱབ་ལ་གོས་སོགས་འབད་མེད་ལྷུན་འགྲུབ་ཡོང་བའི་རེ་སྨོན་ཡང་མཚོན་པ་ཡིན།

བཞི། དགུ་སྐྲ་བཞར་བ། 

དགུ་སྐྲ་བཞར་བ་ཞེས་པ་ནི་ཉིན་འདིར་སྐྱེས་པ་རྣམས་ཀྱིས་སྐྲ་བཞར་བ་དང་བུད་མེད་རྣམས་ཀྱིས་སྐྲ་སླ་བའི་སྲོལ་ཡོད་ལ་ཉིན་འདི་ནི་སྐྲ་སྐར་ཁྱད་པར་ཅན་ཡིན་པས་སྐྲ་བཞར་བའམ་སྐྲ་སླ་བ་གང་ཡིན་རུང་ཚེ་བསོད་རླུང་རྟ་དར་ཞིང་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྟེན་འབྲེལ་ལེགས་ཚུལ་བཤད་ལ་གཞན་ཡང་ཉིན་འདི་ནི་ལོ་རྙིང་བའི་མཐའ་མཇུག་གི་ཉིན་ཡིན་པས་ཡུལ་མི་རྣམས་ཀྱིས་ཉིན་འདིར་སྐྲ་ལས་བྱེད་པ་ནི་སྡུག་གི་མུན་པ་སངས་པ་དང་སྐྱིད་ཀྱི་ཉི་མ་འཆར་བར་རེ་སྒུག་མཚོན་པར་མ་ཟད་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པར་འདོད་པའི་འཚོ་བའི་ཕུགས་འདུན་དྲོན་མོའང་མཚོན་པ་ཡིན།

ལྔ་བ། དགུ་ཐུག་འཐུང་བ།  

དགུ་ཐུག་འདི་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་ཅིང་གཅིག་ནི་ཉིན་དེ་ནི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཁེལ་ཡོད་པས་དགུ་ཐུག་ཟེར་བ་དང་ཡང་བཤད་ཚུལ་གཞན་ཞིག་ནི་དགུ་ཐུག་གི་ནང་དུ་རྫས་སྣ་དགུ་འདུས་པས་ན་དགུ་ཐུག་ཟེར། དེ་ཡང་དགུ་ཐུག་ནི་གཙོ་བོ་ཆུ་མོགཔེན་ཞིལས་གྲུབ་པ་དང་ཇི་ལྟར་མང་བོ་བཟའ་ཐུབ་ན་དེ་ལྟར་བཟང་བོ་ཞིག་ཏུ་བརྩི་སྲོལ་ཡོད།  དགུ་ཐུག་ཆུ་མོག་གི་ནང་དུ་བལ་དང་ཚིལ། སྒོག་པ། ཤུག་པ། ཤོག་བུ། གོས།  རིལ་མ། ཚྭ་ཁུ་སོགས་གཅུད་ནས་མཉམ་དུ་བཙོས་རྗེས་རེ་རེ་བཞིན་སུ་ཞིག་ལ་འཐོབ་མིན་ལྟ་དགོས། དེ་ཡང་བལ་འཐོབ་མཁན་ནི་བསམ་དཀར་དང་ཚིལ་འཐོབ་མཁན་ནི་བསོད་ནམས་ཆེན་པོ་ཅན། སྒོག་པ་འཐོབ་མཁན་ནི་དྲི་ངན་ཅན། ཤུག་པ་འཐོབ་མཁན་ནི་ཕྱུག་པོ། ཤོག་བུ་འཐོབ་མཁན་ནི་རྐྱལ་སྟོང་། གོས་འཐོབ་མཁན་ནི་གོས་བསོད་ཅན། རིལ་མ་འཐོབ་མཁན་ནི་བསམ་ནག ཚྭ་ཁུ་འཐོབ་མཁན་ནི་ལེ་བདའ་བྱེད་རྒྱུར་དགའ་བ་སོགས་ཀྱི་དཔེ་མཚོན་དང་སྦྱར་ནས་དགོང་མོ་དེར་ཁྱིམ་མི་གང་བོས་ཀུ་རེ་སྣ་ཚོགས་བྱས་ནས་ཁྱིམ་ཚང་དགོད་སྒྲས་ཁྱབ་ཡོངས་ལ་གླུ་ལེན་གར་རྩེད་བྱས་ནས་བཟའ་མི་ཚང་མ་དགའ་དགའ་སྤྲོ་སྤྲོའི་དཔལ་ལ་རོལ་བ་ཡིན། ངག་རྒྱུན་ལྟར་ན་དགུ་ཐུག་འཐུང་བའི་དགོང་མོར་གཤིན་རྗེ་ཆོས་རྒྱལ་གྱིས་མི་རེ་རེའི་ལྗིད་ཚད་རྒྱ་མར་ཚད་ནས་རྒྱ་མ་ཇི་ལྟར་ལྗིད་ན་མི་དེའི་ཚེ་ཐག་དེ་ལྟར་ཇེ་རིང་དུ་གཏོང་ངེས་ཡིན་ཟེར་ལ། གལ་ཏེ་རྒྱ་གྲངས་ལ་མ་ལོངས་ན་མི་དེར་ནད་སོགས་འབྱུང་སླ་བར་བཤད་ནས་དགུ་ཐུག་མང་བོ་བཟའ་རུ་འཇུག་ངེས། 

 

ཕག་མོ་ཚེ་བརྟན་གྱིས་བྲིས།

དཔྱད་གཞིའི་ཡིག་ཆ། 

དམངས་སྲོལ་བློ་གསལ་མགུལ་རྒྱན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།2010ལོའི་ཟླ4བའི་པར་ཐེངས་དང་བོ།

དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། 2009ལོའི་ཟླ9པའི་པར་ཐེངས་དང་བོ།

བོད་ཀྱི་དམངས་རྩོམ་གཅེས་བསྡུས་དང་དེ་དག་གི་ཕྲན་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ7པའི་པར་ཐེང་སདང་བོ།

བོད་མིའི་ཡུལ་སྲོལ་གོམས་གཤིས།  མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ11པའི་གཞི་དང་བོ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号