མང་ཚོགས་ལམ་ཕྱོགས་ཞེས་པའི་ཏང་གི་སྲོག་རྩའི་བགྲོད་ལམ་དུ་ཡག་པོར་བསྐྱོད་དགོས།
མང་ཚོགས་ཀྱི་ལམ་ཕྱོགས་ནི་ཏང་གི་སྲོག་རྩའི་བགྲོད་ལམ་དང་རྩ་བའི་ལས་དོན་གྱི་ལམ་ཕྱོགས་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་སྲུང་འཛིན་བྱ་རྒྱུ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི“ངེས་སྦྱོང་སློབ་ཚན”ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྲོ་སེམས་ལྡན་པའི་སྒོ་ནས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། བརྩེ་སེམས་ངོ་མས་མང་ཚོགས་དང་མཉམ་འདྲེས་བྱེད་པ། གཅེས་སེམས་ལྡན་པའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། སེམས་པ་མང་ཚོགས་ལ་ཕྱོགས་པ་དང་བརྩེ་དུང་མང་ཚོགས་ལ་བཅིངས་བ་དེ་འགན་འཁྲི་བསྒྲུབས་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་མཚོན་པར་བྱེད་དགོས་ལ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་བསྐྱོད་ནས་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་སྲུང་འཛིན་བྱེད་ཐུབ་མིན་དེས་ཏང་གི་ལས་དོན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱིན་ཡོད། ཡན་ཨན་དུས་སྐབས་སུ་བཏོན་པའི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དེ་ཏང་གི་སྒྲིག་ཡིག་ནང་བྲིས་པ་ནས། ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བའི་བར་དང་། དེ་ནས་ད་ལྟ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་པ། ཛ་དྲག་དང་ཉེན་ཁའི་ལས་འགན་ལེགས་འགྲུབ་བྱེད་པའི་ཁྲོད་ཁག་ཁུར་འགན་འཁྲི་མངོན་པར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བར་དུ། ལོ་རྒྱུས་དང་དོན་དངོས་ཀྱིས་མང་ཚོགས་ལམ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ལང་ཚོའི་གསོན་ཤུགས་དང་འཐབ་འཛིང་ནུས་པ་ནམ་ཡང་སྲུང་འཛིན་བྱེད་པའི་ཤུལ་བཞག་རྒྱུ་ནོར་གལ་ཆེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ཆུས་གྲུ་གཟིངས་ཐེག་ཐུབ་ལ་གྲུ་གཟིངས་བསྣུབས་ཀྱང་ཐུབ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ཡིན་པ་དང་། ཏང་གིས་སྲིད་སྐྱོང་བྱས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་ཡིན། དུས་ཡུན་ངེས་ཅན་ཞིག་གི་རིང་ལ། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་དང་ཁ་བྲལ་བ་དང་མང་ཚོགས་དང་རྒྱང་བཀྱེད་དེ། མང་ཚོགས་ཀྱི་བརྩེ་དུང་སྣང་མེད་འཇོག་པ་དང་དམངས་ཀྱི་གནས་ཚུལ་ཤེས་པ་ཧ་ཅང་ཉུང་ལ། དམངས་སེམས་རྒྱབ་ཏུ་བསྐྱུར་ནས་གནད་དོན་ཐད་རང་འགན་གཞན་དཀྲི་བྱས་པ་རེད། དེ་ལྟར་ཡུན་རིང་སོང་རྗེས་མང་ཚོགས་ལ་ཁ་བརྡ་མེད་པ་དང་ཐུན་མོང་གི་གླེང་གཞི་མེད་པར་གྱུར་ནས། མང་ཚོགས་ཀྱི་ལྟ་བ་དོར་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས་འཁྱོག་པོར་གྱུར་ཞིང་། མང་ཚོགས་ལམ་ཕྱོགས་སུ་མགོ་རྨོངས་བས། མང་ཚོགས་ལ་ཡིད་ཆད་བྱུང་བ་མ་ཟད། ཏང་གི་སྙན་གྲགས་དང་སྣང་བརྙན་ལ་གནོད་སྐྱོན་བཟོས་ཤིང་། ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་བཏང་ཡོད།
དམངས་སེམས་ཐོབ་ན་གནམ་འོག་ཐོབ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་བླང་བྱ་སོ་སོ་ནང་སེམས་སུ་འཛིན་པ་དང་ཕྱིའི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་པ་དེས་ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་སྲུང་འཛིན་བྱེད་པའི་རེ་བ་བཏོན་ཡོད་ལ། ཐབས་ཇུས་འདོན་པ་དང་། ལས་ཀར་དམ་འཛིན་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་རིམ་ཁག་ཚང་མར་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། མང་ཚོགས་ལ་བརྩེ་དུང་བཅངས་ནས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས།
མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པར་བསྐྱོད་དགོས་ན། མང་ཚོགས་ཀྱི་བསམ་ཚུལ་ལ་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོར་དམ་འཛིན་བྱ་དགོས། ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་གཞུང་ཞབས་འདུ་ཤེས་བརྟན་པོར་བཙུགས་ཏེ། དམངས་སེམས་ལ་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་མང་ཙམ་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཁེངས་སྐྱུང་གིས་མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་། དམངས་ཀྱི་བློ་གྲོས་དང་དམངས་སེམས་གཅིག་ཏུ་བསྡུས་ནས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མེད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས།
མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་པར། བསམ་བློའི་སྐྱོན་ཆ་གཙང་སེལ་བྱས་ཏེ་དངོས་སྒྲུབ་ཀྱི་སྤྱོད་བཟང་དར་སྤེལ་གཏོང་དགོས། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་མཉམ་སྦྲེལ། སེམས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པ་དང་། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་པའི་གནད་དོན་མཐའ་དག་ལ་ལྟ་སྟངས་ནན་ཏན་འཛིན་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཚང་མར་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་གཅིག་སྡུད་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注