ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད།
གཅིག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཡོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་བྱེད་པ་དང་། གཞི་རིམ་ལ་བརྟག་དཔྱད་དུ་སོང་ན་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་དང་། ཉམས་མྱོང་སྤྱི་བསྡོམས། གནད་དོན་ལ་ཞིབ་འཇུག དཀའ་ཁག་ཐག་གཅོད། བྱ་བར་མཛུབ་སྟོན་བཅས་བྱས་ཏེ། མང་ཚོགས་ལ་སློབ་སྦྱོང་དང་། ལག་ལེན་ལ་སློབ་སྦྱོང་། མང་ཚོགས་དང་བཞུགས་མོལ་གང་མང་བྱེད་པ་དང་། ལས་བྱེད་པ་དང་བཞུགས་མོལ་གང་མང་བྱེད་པ། གྲོས་བསྡུར་བགྲོ་གླེང་གང་མང་བྱེད་པ། དཔེ་མཚོན་ལ་དབྱེ་ཞིབ་གང་མང་བྱེད་དགོས། དཀའ་ཁག་དང་འགལ་བ་མང་ས་དང་། མང་ཚོགས་ཀྱི་བསམ་འཆར་མང་སར་འགྲོ་དགོས། ཕྱི་ཚུལ་རིང་ལུགས་མི་བྱེད་པ་དང་། རྒྱས་སྤྲོས་མི་བྱེད་པ། འགྲོ་རོགས་ཇེ་ཉུང་དུ་གཏོང་བ། སྣེ་ལེན་སྟབས་བདེར་གཏོང་བ། འཕྲེད་བྱང་དང་སྦྱར་བྱང་མི་འགེལ་བ། མང་ཚོགས་ཀྱི་བསུ་མ་དང་སྐྱེལ་མ་བཀོད་སྒྲིག་མི་བྱེད་པ། མགྲོན་བསུ་ས་གདན་མི་འདིང་བ། མེ་ཏོག་དང་སྣེ་ལེན་གྱི་དགྱེས་སྟོན་མི་བཤམས་པ་བཅས་བྱེད་དགོས།
གཉིས། གྲོས་ཚོགས་དང་བྱ་འགུལ་སྟབས་བདེར་གཏོང་བ་དང་། ཚོགས་འདུའི་འཚོགས་སྟངས་ལེགས་བཅོས་བྱས་ཏེ། ཀྲུང་དབྱང་གི་མིང་ཐོག་ནས་རིགས་སོ་སོའི་རྒྱལ་ཡོངས་རང་བཞིན་གྱི་གྲོས་ཚོགས་དང་བྱ་འགུལ་ཆེ་གྲས་འཚོགས་པར་ཚོད་འཛིན་ནན་མོ་བྱེད་པ། བྱ་བ་བཀོད་སྒྲིག་དང་བླང་བྱ་འདོན་པའི་ཚོགས་འདུ་མི་འཚོགས་པ། ཀྲུང་དབྱང་གི་ཆོག་མཆན་མ་ཐོབ་པའི་རིགས་སྣ་ཚོགས་ཀྱི་རྨང་འདིང་བྱ་འགུལ་དང་། རྟེན་འབྲེལ་ཚོགས་ཆེན། རྗེས་དྲན་ཚོགས་འདུ། གཟེངས་བསྟོད་ཚོགས་ཆེན། དེ་མིན་དངོས་མང་བཤམས་སྟོན་ཚོགས་འདུ། བགྲོ་གླེང་ཚོགས་འདུ། རིགས་སྣ་ཚོགས་ཀྱི་གླེང་སྟེགས་བཅས་སུ་མི་ཞུགས་པ། གྲོས་ཚོགས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། ཚོགས་འདུའི་དུས་ཡུན་ཇེ་ཐུང་དུ་གཏོང་བ། གཏམ་ཉུང་ཉུང་བཤད་པ་དང་ཚིག་སྟོང་དོན་སྟོང་མི་བཤད་པ་བཅས་བྱེད་དགོས།
གསུམ། ཡིག་ཆའི་གསར་འགྱུར་མདོར་བསྡུས་བྱེད་པ་དང་། རྩོམ་སྲོལ་ངེས་པ་དོན་གྱིས་ལེགས་བཅོས་བྱས་ནས། དོན་དངོས་ནང་དོན་མེད་པ་དང་། ནང་དོན་དངོས་མེད་པ་དང་བཀྲམ་ཆོག་ལ་མ་བཀྲམ་ན་ཡང་ཆོག་པའི་ཡིག་ཆ་དང་བསྡུས་གསལ་གཅིག་ཀྱང་མི་འགྲེམས་པ་བཅས་བྱེད་དགོས།
བཞི། འཚམས་འདྲིའི་བྱ་འགུལ་ཚད་ལྡན་དུ་གཏོང་དགོས་པ་དང་། ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་ཀྱི་དགོས་མཁོར་གཞིགས་ནས་འཚམས་འདྲིའི་བྱ་འགུལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། འཚམས་འདྲི་འགྲོ་རོགས་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། གཏན་འབེབས་ལྟར་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་པ། སྤྱིར་བཏང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་ཕྱིར་སྡོད་ཀྲུང་གོ་བ། ཕྱི་འགྲིམ་སློབ་མའི་འཐུས་མི་སོགས་གནམ་གྲུ་ཐང་ལ་བསུ་སྐྱེལ་བཀོད་སྒྲིག་མི་བྱེད་པ་བཅས་བྱེད་དགོས།
ལྔ། ཉེན་སྲུང་ལས་དོན་ལེགས་བཅོས་བྱེད་དགོས་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འགྲིམ་འགྲུལ་དོ་དམ་ཇེ་ཉུང་དུ་གཏོང་བ། སྤྱིར་བཏང་གི་གནས་ཚུལ་འོག་ནས་ལམ་མི་འགོག་པ་དང་། བྱེད་སྒོ་སོགས་སྤེལ་སའི་གནས་ཡུལ་གྱི་སྒོ་མི་རྒྱག་པ་བཅས་བྱེད་དགོས།
དྲུག གསར་འགྱུར་སྒྲོག་སྤེལ་ལེགས་བཅོས་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོགས་འདུ་དང་བྱེད་སྒོར་ཞུགས་ན། ལས་དོན་གྱི་དགོས་མཁོ་དང་གསར་འགྱུར་གྱི་རིན་ཐང་། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་གཞིགས་ནས་སྒྲོག་སྤེལ་བྱེད་དགོས་མིན་ཐག་བཅད་ནས། གསར་འགྱུར་སྤེལ་བའི་གྲངས་ཀ་དང་། ཡིག་གྲངས། དུས་ཡུན་བཅས་སྔར་ལས་ཇེ་ཉུང་དུ་གཏོང་དགོས།
བདུན། རྩོམ་ཡིག་འགྲེམ་སྤེལ་གཟབ་ནན་ཏུ་གཏོང་དགོས་པ་དང་། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ཕུད། མི་སྒེར་གྱིས་བརྩམས་ཆོས་དང་གཏམ་བཤད་དེབ་རྐྱང་དཔེ་སྐྲུན་ཁྲོམ་བསྒྲགས་མི་བྱེད་པ་དང་། ཤིས་འཕྲིན་དང་རྟེན་འབྲེལ་གློག་འཕྲིན་མི་གཏོང་བ། ཕྱག་བྲིས་དང་ཁ་བྱང་མི་འབྲི་བ་བཅས་བྱེད་དགོས།
བརྒྱད། ཧུར་བརྩོན་གྲོན་ཆུང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། སྤྱོད་གཙང་སྲིད་སྐྱོང་གི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ནན་མོ་བྱས་ཏེ། སྡོད་ཁང་དང་རླངས་འཁོར་བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་དང་འཚོ་བའི་ཐོབ་ཐང་གི་གཏན་འབེབས་ལག་བསྟར་ནན་མོ་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注