ལི་ཆང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཞལ་པར་བསྐྱོན་གནང་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཚེས8ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཞལ་པར་བསྐྱོན་གནང་ཡོད།
ལི་ཆང་གིས་ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན། ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁོ་སི་ཐ་དང་ཞལ་པར་བསྐྱོན་གནང་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་རྨང་གཞི་བཏིང་ཞིང་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་ཕྱོགས་ནས་ཡོ་རོབ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་རང་སོ་སོའི་དོ་ཁུར་བྱེད་ཡུལ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་བར་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་མ་དངུལ་འཇོག་པར་སྲུང་སྐྱོང་བཅས་བྱས་ཏེ་ཕྱོགས་གཉིས་ཀ་དང་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་སྔར་ལས་མང་བ་སྣོན་དགོས། ཀྲུང་གོ་རང་ངོས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཧྥེང་ཏེ་ལའེ་ཨེན་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཨ་རིས་སྒོ་ཁྲལ་འཕར་བསྡུ་བྱས་ཏེ་རྒྱལ་སྤྱིའི་ཉོ་ཚོང་ལ་བརྡབ་གསིག་ཚབས་ཆེན་བཏང་ཡོད། ཡོ་རོབ་དང་ཀྲུང་གོས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱེད་པ་དེ་ཕྱོགས་གཉིས་ཀ་དང་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་མཐུན་པ་ཞིག་རེད་ཅེས་གསུངས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注