ཀྲུང་གོའི་སྲིད་གཞུང་གིས་ཨ་མེ་རི་ཁས་སྒོ་ཁྲལ་གང་བྱུང་དུ་བསྡུ་བར་ངོ་རྒོལ་བྱེད་པའི་སྐོར་གྱི་ལངས་ཕྱོགས།
ཉེ་དུས། ཨ་མེ་རི་ཁས་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཀྲུང་གོ་དང་བཅས་པའི་ཉོ་ཚོང་ཟླ་གྲོགས་ཡོད་ཚད་ལ་སྒོ་ཁྲལ་གང་བྱུང་དུ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས་པ་དེས། རྒྱལ་ཁབ་སོ་སོའི་ཚུལ་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་ལ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་གནོད་འཚེ་ཚབས་ཆེན་བཟོས་ཤིང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་སྒྲིག་ལམ་བརྟན་འཇགས་ཡོང་བར་ཕོག་ཐུག་ཚབས་ཆེན་བཏང་བས། ཀྲུང་གོའི་སྲིད་གཞུང་གིས་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད།
ཨ་མེ་རི་ཁའི་འབྲེལ་ཡོད་བྱེད་ཐབས་དེ་གཞི་རྩའི་དཔལ་འབྱོར་གྱི་ཆོས་ཉིད་དང་ཚོང་རའི་རྩ་དོན་དང་འགལ་བ་དང་། ཕྱོགས་མང་ཉོ་ཚོང་གི་ཁེ་ཕན་དོ་སྙོམས་མཇུག་འབྲས་ལ་བསམ་གཞིགས་བཏང་མེད་ལ། དུས་ཡུན་རིང་བོར་ཨ་མེ་རི་ཁར་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཐོབ་པའི་ཁེ་ཕན་འབོར་ཆེན་སྣང་མེད་དུ་བཞག་ནས། སྒོ་ཁྲལ་དེ་མཐར་ཐུག་གི་གནོན་ཤུགས་སྟེར་བ་དང་སྒེར་ཕན་དོན་གཉེར་བྱེད་པའི་མཚོན་ཆར་བརྩི་བ་དེ་ནི། དཔེ་མཚོན་གྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། དཔལ་འབྱོར་གྱི་བཙན་ཤེད་བྱ་སྤྱོད་ཡིན། ཨ་མེ་རི་ཁས་འདྲ་མཉམ་དང་དྲང་སྙོམ་འཚོལ་སྙེག་བྱེད་པའི་དར་ཆ་བསྒྲེངས་ནས་འགྲན་རྩོད་སློང་བ་དེ། དོན་དངོས་ཀྱིས་ཨ་མེ་རི་ཁ་གཙོར་འཛིན་པ་དང་ཨ་མེ་རི་ཁའི་དམིགས་བསལ་འཚོལ་སྙེག་བྱེད་པ་དེ་ཡིན་ལ། སྒོ་ཁྲལ་གྱི་བྱེད་ཐབས་ལ་བརྟེན་ནས་ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་རྩ་སློག་བྱེད་པ་དང་། ཨ་མེ་རི་ཁའི་ཁེ་ཕན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་བརྒལ་བར་བྱེད་པ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཚུལ་མཐུན་ཁེ་ཕན་བློས་བཏང་ནས་ཨ་མེ་རི་ཁའི་བཙན་དབང་ཁེ་ཕན་ལ་ཞབས་འདེགས་ཞུ་རུ་འཇུག་རྒྱུ་དེ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱེད་ཁོ་ཐག་ཡིན།
ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་གུས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་ལྷག་བསམ་རྣམ་དག་དང་ཡིད་ཆེས་རྩ་བར་འཛིན་པར་བརྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་དོན་དག་མི་བཟོ་ལ་དོན་དག་ལ་ཡང་མི་སྐྲག་པ་དང་། གནོན་ཤུགས་སྟེར་བ་དང་འཇིགས་སྐུལ་བྱེད་པ་ནི་ཀྲུང་གོ་དང་འབྲེལ་འདྲིས་བྱེད་པའི་བྱེད་ཐབས་ཡང་དག་མིན། ཀྲུང་གོས་བློ་ཐག་གཙང་བཅད་ཀྱིས་བྱེད་ཐབས་བཟང་བོ་སྤྱད་པ་མ་ཟད་ད་དུང་མུ་མཐུད་དུ་སྤྱད་དེ། རང་སྟེང་གི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་དགོས། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་བསྟུན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྐང་བཙུགས་ཏེ། སྒོ་ཁྲལ་མཚོན་ཆར་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་ཐད་གནོན་ཤུགས་སྟེར་བའི་མཚམས་འཇོག་པ་དང་། ཀྲུང་གོ་མི་དམངས་ཀྱི་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་དབང་ཆར་གནོད་འཚེ་གཏོང་མཚམས་འཇོག་དགོས།
ཀྲུང་གོ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྡེ་ཁག་ཆེན་པོ་གཉིས་པ་དང་ཚོང་ཟོག་འཛད་སྤྱོད་ཚོང་ར་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཆེས་ཆེར་འབྱེད་ངེས། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་པ། ཆུ་ཚད་མཐོ་བའི་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་པ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན།
དཔལ་འབྱོར་འཛམ་གླིང་ཅན་དུ་བསྒྱུར་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ངེས་བརྒྱུད་ལམ་བུ་ཡིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ཡིས། འཛམ་གླིང་ཧྲིལ་བོའི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་སྣོན་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག
སྒོ་འབྱེད་མཉམ་ལས་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པ་དང་། འཛམ་གླིང་ཕན་ཚུན་བཀག་སྡོམ་དང་ཕན་ཚུན་ཕྲལ་གཅོད་ཀྱི་གནས་བབ་ཏུ་གཏན་ནས་ཕྱིར་སྣུར་བྱེད་མི་སྲིད། གཉིས་ཕན་མཉམ་རྒྱལ་ནི་མི་སེམས་གཏད་ཕྱོགས་ཡིན་པས། ཁྱིམ་མཚེས་ལ་གནོད་སྐྱེལ་བའི་དཔལ་འབྱོར་བཙན་ཤེད་ཀྱིས་མཐའ་མར་རང་སྟེང་ལ་གནོད་བྱེད་ངེས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་དཀྱེལ་ཡངས། ཀུན་ཕན། དོ་མཉམ་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།
འཕེལ་རྒྱས་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ཡོངས་ཁྱབ་ཀྱི་དབང་ཆ་ཡིན་པ་ལས། རྒྱལ་ཁབ་ཉུང་ཤས་ཀྱི་ཆེད་ཁེ་མིན། རྒྱལ་སྤྱིའི་སྟེང་གི་བྱ་བར་ཚང་མས་མཉམ་དུ་གྲོས་མོལ་བྱས་ནས་བསྒྲུབ་འོས་པ་དང་།་འཛམ་གླིང་གི་མདུན་ལམ་དང་ལས་དབང་རྒྱལ་ཁབ་སོ་སོའི་མཉམ་དུ་འཛིན་དགོས། ཉོ་ཚོང་འཐབ་འཁྲུག་དང་སྒོ་ཁྲལ་འཐབ་འཁྲུག་ཐད་ནས་སུ་ལ་ཡང་རྒྱལ་ཁ་ཐོབ་མི་སྲིད་ལ། སྲུང་སྐྱོབ་རིང་ལུགས་ལ་མདུན་ལམ་མེད། རྒྱལ་ཁབ་སོ་སོས་མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་སྣ་ཚོགས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注