ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།
ཟླ3པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག》དང《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་མགོ་རྩོམ་ས་ཡིན། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་བའི་གྱོད་དཔེ་ཆེན་པོ་གཟབ་ནན་སྒོས་རྩད་ཞིབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་འཆར་དྲག་པོ་མཚོན་པའི་ཁོར་ཡུག་གི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཕན་འབྲས་བཟང་པོ་བླངས་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་བསྣན་ནས། ལྟ་ཞིབ་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་དམ་ཟབ་བྱ་དགོས། འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གཟབ་ནན་གྱི་དགོངས་གཞི་སྲུང་འཛིན་བྱེད་པ། དཀའ་ངལ་ལ་གདོང་གཏོད་ཕོད་པ། མུ་མཐུད་དུ་གནད་དོན་གསར་བ་རྙེད་པ་དང་གནད་དོན་ཐག་གཅོད་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་ལག་བསྟར་བྱེད་ནུས་མཐོ་རུ་གཏོང་དགོས། ལྟ་ཞིབ་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཚད་ལྡན་གྱིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྐོར་ཞིག་ལ་སྐོར་ཞིབ་བྱེད་པ་དང་། གསར་དུ་རྙེད་པའི་གནད་དོན་དག་གཟབ་ནན་སྒོས་དམ་འཛིན་བྱས་ཏེ་ལེགས་བཅོས་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ་ཏང་ཀྲུང་དབྱང་གིས་སྤྲད་པའི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་བསྣན་ནས། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པར་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གང་འདོད་དུ་སྒྲུབ་པ་དང་འགན་མི་ལེན་པ། བྱ་བ་སྒྲུབ་མི་ཕོད་པ། སྒྲུབ་ལ་མི་འཇོན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་དཀའ་ངལ་སྣ་ཚོགས་ལ་གདོང་གཏོད་ཕོད་པ་དེ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོ་ནི་སྐོར་ཞིབ་ཕྱོགས་ཡོངས་ལ་ཁྱབ་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། སྐོར་ཞིབ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱས་ཚུལ་ཏེ་ལྟ་སྐུལ་ཀྱི་གཙོ་གནད་དུ་བརྩིས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། དམིགས་ཡུལ་གཙོ་བོ་བཅས་ལ་དོ་སྣང་བྱས་ནས། “མགོ་ཁྲིད་དང་པོ”དང་མགོ་ཁྲིད་ཚན་ཁག་གི་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཕྱོགས་བསྡུས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། སྐོར་ཞིབ་དང་ལྟ་སྐུལ་གཞན་དག་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་མཉམ་ཤུགས་ཆགས་སུ་འཇུག་དགོས། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་རྒྱུན་འཁྱོངས་བྱས་ཏེ་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། གནད་དོན་ཇི་མ་ཇི་བཞིན་མཚོན་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་པ། ནང་ཁུལ་དོ་དམ་ལ་ལྟ་སྐུལ་ནན་མོ་བཅས་བྱ་དགོས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注