ལའོ་ཏུང་ཁྲོན་གྱིས་ཧྥུའུ་ཅན་གྱི་ཁེ་ལས་པ་ཧོང་ཁྲང་ཀུན་སོགས་ལ་ཐུག་འཕྲད་བྱས།
ཟླ3པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཞཱ་མིན་ཝུའུ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཧོང་ཁྲང་ཀུན་དང་། ཕཱན་ཕཱན་ཟས་རིགས་ཀྱི་ཙུང་ཚའེ་ཚའེ་ཅིན་ཁྲ། ཞཱ་མིན་ཝན་ལིས་ཧྲི་ཀུང་ཟིའི་ལག་བསྟར་ཙུང་ཚའེ་ཧྲང་ཕིན་སོགས་ལ་ཐུག་འཕྲད་བྱས།
ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧོང་ཁྲང་ཀུན་དང་། ཚའེ་ཅིན་ཁྲ། ཧྲང་ཕིན་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཙིགས་ཆེན་ཚད་མེད་གནང་བཞིན་ཡོད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཐེངས་གསུམ་ལ་སྐུ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པས། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་བསྩལ། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་གདེང་ཚོད་ཡོད་པའི་སྒོ་ནས་མདུན་སྐྱོད་བྱེད་ཀྱིན་ཡོད་ལ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་སྒོས་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་ཁྲིད་སྟོན་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བས། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ལ་མདུན་ལྗོངས་ཡངས། ཕྱོགས་སོ་སོས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། ནུས་ཁུངས་གསར་བའི་རྒྱུ་ཆ་དང་ལས་རིགས་ལས་སྣོན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ནུས་པ་ལྡན་ལ་ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ལག་རྡང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ཧོང་ཁྲང་ཀུན་དང་། ཚའེ་ཅིན་ཁྲ། ཧྲང་ཕིན་བཅས་ཀྱིས་ཐོན་ལས་དང་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་འཕེལ་རྒྱས་མདུན་ལྗོངས་ལ་རེ་བ་ཆེན་པོ་བཅངས་ཡོད་པས། མཚོ་སྔོན་དང་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ནས། རང་ངོས་ཀྱི་ལག་རྩལ་དང་མ་དངུལ། འཇོན་མིའི་དགེ་མཚན་བཅས་འདོན་སྤེལ་ལེགས་པོ་བྱེད་པ་དང་། ལས་རིགས་ཀྱི་སྒྲིག་བཀོད་རྒྱ་བསྐྱེད་དང་གསར་གཏོད་རིམ་པ་མཐོར་འདེགས། དངོས་གཉེར་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注