ལིས་ཆང་གིས་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བའི་ཐད་བཀའ་མཆན་གལ་ཆེན་གནང་།
རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བའི་གྲོས་ཚོགས་ཟླ3པའི་ཚེས20ཉིན་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བ་ཡག་པོར་སྒྲུབ་པའི་སྐོར་ལ་བཀའ་མཆན་གལ་ཆེན་གནང་། བཀའ་མཆན་ནང་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་པས། “ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་བརྟན་པོར་འཁུར་བ། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་དམ་འཛིན་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཞིང་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། མིག་སྔར། རྒྱལ་ཡོངས་སུ་དཔྱིད་འདེབས་ཀྱི་བྱ་བ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བཞིན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འབྲུ་སྣུམ་འདེབས་འཛུགས་རྒྱ་ཁྱོན་ཇེ་བརྟན་དུ་གཏོང་བ་དང་། མི་རེའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། མགྱོགས་མྱུར་ངང་སྔོན་ཐོན་དང་བེད་སྤྱོད་བྱེད་ཆོག་པའི་ཞིང་ལས་འཕྲུལ་ཆས་དང་སྒྲིག་ཆས་བཀོལ་སྤྱོད་དང་ཞིང་ལས་ཚན་རྩལ་གྲུབ་འབྲས་རྒྱ་ཆེན་པོས་ཁྱབ་སྤེལ་གཏོང་བ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ལ་ཤུགས་སྣོན་པ། ཞིང་ལས་ཐོན་རྫས་རིན་གོང་གི་ལུགས་མཐུན་ཆུ་ཚད་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ། འབྲུ་རིགས་འདེབས་པའི་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་བརྩོན་སེམས་སྲུང་སྐྱོང་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བཞི་ཡས་མས་ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注