ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ཐག་གཅོད་བྱེད་པའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《གཏན་འབེབས》ལ་བསྡོམས་པའི་དོན་ཚན18ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་ཚུད་ཡོད།
གཅིག་ནི་ཞབས་ཞུར་ཤུགས་སྣོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཕྱི་རྒྱལ་གྱི་ཤེས་བྱའི་ཐོན་དབང་གི་ཆ་འཕྲིན་འདྲི་རྩད་ཞབས་ཞུ་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ་དང་། ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ཐག་གཅོད་མཛུབ་ཁྲིད་བྱ་བའི་སྒྲིག་གཞི་དང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། རྩོད་གཞི་ཐག་གཅོད་བྱེད་པར་ཁ་གཏད་འཇལ་བའི་མཛུབ་ཁྲིད་དང་ཁེ་དབང་སྲུང་སྐྱོབ་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་དགོས། དེ་དང་ཆབས་ཅིག ཚོང་དོན་འདུམ་འགྲིག་རྩ་འཛུགས་དང་འདུམ་གཅོད་ལས་ཁུངས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ཐག་གཅོད་བྱེད་པར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁྲིམས་རྩོད་པའི་ལས་སྒྲུབ་ཁང་དང་ཤེས་བྱའི་ཐོན་དབང་ཞབས་ཞུའི་ལས་ཁུངས་སོགས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་གི་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་དམངས་དང་རྩ་འཛུགས་ལ་ཕན་ནུས་ཆེ་ཞིང་སྟབས་བདེ་བའི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་དང་། དེ་མིན་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་བྱའི་ཐོན་དབང་གི་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
གཉིས་ནི་ཁེ་ལས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཀྱིས་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་གཏོང་བ་དང་། ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་ཤེས་ལྡན་མི་སྣ་གསོག་འཇོག་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་གིས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱེད་དགོས། དེ་དང་ཆབས་ཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་གི་རྩོད་གཞིའི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་རིམ་པར་དམིགས་ཏེ། ཁེ་ལས་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་དང་གསོ་སྦྱོང་བྱེད་པ་དང་། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ཁྲིམས་ལྟར་ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་གི་རྩོད་གཞི་ཐག་གཅོད་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་ངོ་སྤྲོད་བྱེད་དགོས། ཁེ་ལས་ཀྱིས་ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་ཁེ་དབང་སྲུང་སྐྱོང་གི་རོགས་རེས་ཐེབས་རྩ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཉེན་ཚབ་ལས་ཁུངས་ཀྱིས་ཕྱི་རྒྱལ་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་སྐོར་གྱི་ཉེན་ཚབ་ལས་སྒོ་སྤེལ་རྒྱུར་སྐུལ་ལྕག་བྱེད་དགོས།
གསུམ་ནི་ཕྱི་རྒྱལ་དུ་བརྟག་དཔྱད་བྱས་ནས་དཔང་རྟགས་བསྡུ་ལེན་བྱེད་པ། རང་རྒྱལ་གྱི་མངའ་ཁོངས་སུ་ཡིག་ཆ་སྐྱེལ་བ་དང་བརྟག་དཔྱད་དང་དཔང་རྟགས་བསྡུ་ལེན་བྱ་རྒྱུ་དེ་རང་རྒྱལ་གྱིས་བཞག་པའི་རྒྱལ་སྤྱིའི་ཆིངས་ཡིག་དང་དེ་མིན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གསལ་བོར་སྒྲུབ་དགོས། མངའ་ཁོངས་ཕྱི་རོལ་ལ་དཔང་རྟགས་སམ་རྒྱུ་ཆ་འདོན་སྤྲོད་བྱེད་དགོས་ཚེ། རྒྱལ་ཁབ་ཀྱི་གསང་བ་སྲུང་བ་དང་གཞི་གྲངས་བདེ་འཇགས་སོགས་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་བརྩི་སྲུང་བྱ་དགོས། ཁྲིམས་ལྟར་ངེས་པར་དུ་གཙོ་གཉེར་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས་ན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གོ་རིམ་ལག་བསྟར་བྱ་དགོས།
བཞི་ནི་འདྲ་མཉམ་མིན་པའི་བྱེད་སྟངས་ལ་ངོ་རྒོལ་བྱེད་དགོས། རང་རྒྱལ་གྱི་སྤྱི་དམངས་དང་རྩ་འཛུགས་ལ་རྒྱལ་དམངས་ཀྱི་ཐོབ་ཐང་མ་སྤྲད་པའམ་ཡང་ན་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་མི་ཐུབ་པ་སོགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་དོན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་བརྟག་དཔྱད་བྱེད་དགོས་པ་མ་ཟད་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ཆོག་པ་གཏན་ཁེལ་གསལ་བོ་བྱེད་དགོས། ཕྱི་རྒྱལ་གྱི་རྒྱལ་ཁབ་ཀྱིས་ཤེས་བྱའི་ཐོན་དབང་གི་རྩོད་གཞིར་ཁ་གཡར་ནས་རང་རྒྱལ་ལ་བཀག་འགོག་བྱེད་པ་དང་གནོན་ཤུགས་སྟེར་བ་དང་། རང་རྒྱལ་གྱི་སྤྱི་དམངས་དང་རྩ་འཛུགས་ལ་མཐོང་ཆུང་རང་བཞིན་གྱི་ཚོད་འཛིན་བྱེད་ཐབས་སྤྱོད་པ་སོགས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དེ་མཚུངས་ཀྱི་ངོ་རྒོལ་དང་ཚོད་འཛིན་བྱེད་ཐབས་སྤྱད་ཆོག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注