ཞི་ཅིན་ཕིང་གིས་ཝུན་ལའེ་ཡི་མགོ་ཁྲིད་པ་ཧ་སང་ན་ཨར་དང་གྲོས་མོལ་གནང་།
ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝུན་ལའེ་ཡི་མགོ་ཁྲིད་པ་ཧ་སང་ན་ཨར་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་ལོ་རྒྱུས་རིང་པོ་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ30ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཟམ་མ་ཆད་པར་ཇེ་བརྟན་དུ་བཏང་བ་དང་། འཕེལ་རྒྱས་འཐབ་ཇུས་ཐད་ནས་འབྲེལ་མཐུད་གང་ལེགས་བྱས་པར་བརྟེན། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཆེ་ཆུང་བར་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་བསྐྲུན་ཡོད་པས། ས་ཁུལ་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཀྲུང་གོ་དང་ཝུན་ལའེ་གཉིས་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པ་མཉན་དུ་བསྐྲུན་པ་དེ་ནི། དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་མོ་དང་མཐུན་ཞིང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་རྐྱང་ཞིག་ངང་གིས་བཏོད་ཡོད། ཕྱོགས་གཉིས་ཀྱིས་གནས་བབ་དང་བསྟུན་ནས་གཉིས་ཕན་མཉམ་ལས་དང་འཐབ་ཇུས་མཐུན་སྦྱོར་ཟབ་སྤེལ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ། ཕན་ཚུན་ཡིད་ཆེས་བྱས་ཏེ། དུས་ནམ་ཡང་རྒྱ་མཚོས་བར་ཆོད་ཡོད་ནའང་ཕན་ཚུན་རོགས་རེས་ཀྱི་ཁྱིམ་མཚེས་བཟང་པོ་དང་ཕན་ཚུན་བར་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ། མཉམ་དུ་འཕེལ་རྒྱས་གཏོང་བའི་ཟླ་གྲོགས་བཟང་པོ་བཅས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཝུན་ལའེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་མཉམ་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཝུན་ལའེ་ཡི“2035ལོའི་རེ་འདུན་རླབས་ཆེན”ཞེས་པའི་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། ཀོང་ཞི་དང་ཝུན་ལའེ་ཡི་དཔལ་འབྱོར་བར་ཁྱམས་དང་ཧན་དབྱི་རྡོ་སྣུམ་རྫས་འགྱུར་གྱི་གྲུ་གཟིངས་གཙོ་བོའི་ལས་གཞིར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་སྣོན་ཁུལ་དང“སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི”ལྟེ་གནས་གཉིས་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེ་ལས་སྔར་ལས་གང་མང་ཝུན་ལའེ་ཕྱོགས་སུ་སོང་ནས་མ་དངུལ་གཏོང་བའི་ཐད་བསྔགས་སྐུལ་བྱས་ནས། ཝུན་ལའེ་ཡི་ལས་རིགས་དར་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ལ། ཝུན་ལའེ་ཡིས་གཞི་གྲངས་དཔལ་འབྱོར་དང་མི་ཐབས་རིག་ནུས། ནུས་ཁུངས་གསར་པའི་ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཝུན་ལའེ་ཕྱོགས་ཀྱི་དཔལ་འབྱོར་སྣ་མང་ཅན་དུ་འགྱུར་བར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉི་གའི་རྒྱུད་འདྲེས་ཆུ་འབྲས་ཐད་ཞིབ་འཇུག་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་ཚོགས་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམས་ཚོགས་སོགས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། སྤུས་ལེགས་ཞིང་ལས་དང་ཉ་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་རྒྱ་སྐྱེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར། ས་གནས། ལུས་རྩལ་བཅས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་ནན་གྱིས་གསུངས།
ཧ་སང་ན་ཨར་གྱིས་ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས། ཉོ་ཚོང་དང་ཞིང་ལས། ཉ་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་རྙོག་འཛིང་ཆེ་བའི་རྣམ་པ་དང་འགྲན་སློང་གསར་པར་འཕྲད་ཡོད་པས། ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུན་ལའེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག》སྤེལ།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཁྲིམས་འཛིན་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། དཔལ་འབྱོར་ཚོང་དོན། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཧ་སང་ན་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཧ་སང་ན་ཨར་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注