ཝང་དབྱི་ཡིས་ནི་ཀྲེ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཐུའུ་ཅ་ཨར་དང་གྲོས་མོལ་གནང་བ།
ས་གནས་དེ་གའི་དུས་ཚོད2025ལོའི་ཟླ1པོའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་པུའུ་ཅ་རུ་ནི་ཀྲེ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཐུའུ་ཅ་ཨར་དང་གྲོས་མོལ་གནང་བ་རེད།
ཝང་དབྱི་ཡིས་བསྟན་དོན། ནི་ཀྲེ་རི་ཡ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་ཆེན་པོ་ཞིག་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པས། ཨ་ཧྥེ་རི་ཁ་གླིང་ཆེན་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ཐོག་ནས། ཀྲུང་གོ་དང་ནི་ཀྲེ་རི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ལྟ་སྟངས་འཛིན་གྱིན་ཡོད་པས། ནི་ཀྲེ་རི་ཡ་ཕྱོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། འཕེལ་རྒྱས་དར་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཕན་ཚུན་ཕན་ཁེ་ཐོབ་པ་དང་མཉམ་ལས་མཉམ་རྒྱལ་བྱེད་འདོད་ཡོད། ན་ནིང་ཙུང་ཐུང་ཐི་ནུའུ་པུའུ་ཡིས་ཀྲུང་གོར་རྒྱལ་ཁའི་ངང་འཚམས་འདྲི་གནང་བ་དང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་བཏང་ནས། ཀྲུང་གོ་དང་ནི་ཀྲེ་རི་ཡའི་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་བཏོད་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ནི་ཀྲེ་རི་ཡའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས། རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ནི་ཀྲེ་རི་ཡར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ནི་ཀྲེ་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཝང་དབྱི་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་དེ་ནི་ཀྲེ་རི་ཡའི“རེ་བ་བསྐྱར་དུ་འབར་བའི”རྩ་འཛིན་གྱི་གཟིགས་སྐྱོང་ཁྱབ་ཁོངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྨང་གཞིའི་འཛུགས་སྐྲུན་གྱི་སྲོལ་རྒྱུན་མཉམ་ལས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཉོ་ཚོང་དང་དངུལ་རྩའི་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ། མ་འཇོག་མཉམ་ལས་ཀྱི་བཀྲག་མདངས་གསར་པ་གཏོད་པ་བཅས་ཀྱིས་ཀྲུང་གོ་དང་ནི་ཀྲེ་རི་ཡའི་དངོས་བརྩོན་མཉམ་ལས་སྔར་བས་རྒྱ་སྐྱེད་གཏིང་ཟབ་གཏོང་འདོད་ཡོད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་མི་སྣའི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡའི་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་། ནི་ཀྲེ་རི་ཡའི་ཕྱོགས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ཏེ། ས་ཁུལ་གྱི་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ནས། ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག“གནམ་གཤིས་དྲང་བདེན”ཞེས་པའི་འབོད་སྐུལ་འདོན་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ནི་ཀྲེ་རི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་གནམ་གཤིས་འགྱུར་ལྡོག་གནད་དོན་ཐད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
ཐུའུ་ཅ་ཨར་གྱིས་བསྟན་དོན། ནི་ཀྲེ་རི་ཡ་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་གཏིང་ཟབ་ཡོད་པ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་བཙུགས་ཡོད་པས་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད། ན་ནིང་ཙུང་ཐུང་ཐི་ནུའུ་པུའུ་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་ཕྱིན་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད། ནི་ཀྲེ་རི་ཡ་དང་ཀྲུང་གོའི་དབར་མི་མཐུན་པའི་ཆ་མེད་པ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོར་དཔལ་འབྱོར་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་འཛམ་གླིང་གི་ཤུགས་རྐྱེན་ནུས་པ་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ནི་ཀྲེ་རི་ཡ་དང་ཀྲུང་གོ་རླབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་ཀྱིན་ཡོད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་ནས། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཏེ། དེ་ནི་ཡང་དག་པའི་བྱ་བ་ཞིག་ཡིན་པས་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་བདེ་བླག་ངང་འཚོགས་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ཏེ། ནི་ཀྲེ་རི་ཡ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།
ཐུའུ་ཅ་ཨར་གྱིས་ཀྲུང་གོའི་བོད་ལྗོངས་ཀྱི་ས་ཡོམ་ལ་འཚམས་འདྲི་གནང་བ་དང་། ཀྲུང་གོ་སྲིད་གཞུང་གི་མགྱོགས་མྱུར་དང་ནུས་ཆེའི་གནོད་སེལ་བྱེད་ཐབས་ལ་བསྔགས་བརྗོད་གནང་བ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注