ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་བོད་ལྗོངས་དིང་རིའི་ཡོམ་འགོག་གནོད་སེལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
ཟླ1ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། བོད་ལྗོངས་དིང་རིའི་ཡོམ་འགོག་གནོད་སེལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ལས་བསྟན་དོན། བོད་ལྗོངས་དིང་རིར་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་བའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་འཕྲལ་དུ་བྱ་སྤྱོད་དངོས་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ཡོད་ལ། ལྷག་པར་དུ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་བཅིངས་འགྲོལ་དམག དྲག་ཆས་དམག་དཔུང་། དེ་བཞིན་ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་མི་འདང་བའི་དཀའ་ཁག་ཁྱད་དུ་བསད་ནས། དུས་ཚོད་དམ་འཛིན་སྒོས་མི་སྣ་འཚོལ་སྐྱོབ་བྱས་ཏེ། མི་སྣ་ཤི་རྨས་བྱུང་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཡོད་པའི་དབང་གིས། ཡོམ་འགོག་གནོད་སེལ་བྱ་བ་སྤྱིའི་ཆ་ནས་བདེ་བླག་བྱུང་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལྟ་ཡོམ་འགོག་གནོད་སེལ་ལས་དོན་སྔར་བཞིན་གནད་འགག་དུས་སྐབས་སུ་གནས་ཡོད་པའི་དབང་གིས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ལས་དོན་ཁག་ཞིབ་ཚགས་ངང་སྒྲུབ་ནས། ཡོམ་འགོག་གནོད་སེལ་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པར་བྱེད་དགོས་པ་དང་། རོགས་སྐྱོབ་དང་རྗེས་མཐུད་ལས་དོན་མུ་མཐུད་ཡག་པོར་སྒྲུབ་དགོས་ལ། སྨན་བཅོས་ཆེད་མཁས་པ་རྩ་འཛུགས་བྱས་ནས་རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་ཡག་པོ་བྱེད་དགོས་པར་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། དེ་མིན་ད་དུང་གནས་སྐབས་ཀྱི་བཀོད་སྒྲིག་དང་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་ལས་དོན་ལ་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱས་ནས། གནོད་ཐེབས་མང་ཚོགས་རྣམས་ཀྱིས་དྲོད་ལམ་ལམ་གྱི་སྒོ་ནས་དགུན་ཁ་བསྐྱལ་ཐུབ་པར་བྱེད་དགོས་པ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས་ལ། རྨང་གཞིའི་སྒྲིག་ཆས་ཉམས་གསོ་དང་ཞིག་རོ་གཙང་སེལ་བྱེད་པའི་བྱ་བ་དམ་འཛིན་གང་ལེགས་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སྒོས་སླར་གསོ་བྱེད་དགོས། དེ་ལས་གཞན་ད་དུང་སྤྱི་ཚོགས་བརྟན་བརླིང་གི་ལས་དོན་ཏན་ཏིག་ངང་སྒྲུབ་ནས། འགལ་རྩོད་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས་ཤིང་། གཞུང་ཕྱོགས་ཀྱི་ཆ་འཕྲིན་ཁྱབ་སྒྲོག་ཡག་པོ་བྱེད་དགོས། གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཡོམ་འགོག་ནུས་པ་དང་ས་ཡོམ་གྱི་གནོད་འཚེར་ཁ་གཏད་འཇལ་བའི་ནུས་པ་སྔར་ལས་ཆེ་རུ་བཏང་ནས། འཕྲལ་བསྟུན་ལས་རིམ་ཁག་ལ་གྲ་སྒྲིག་གང་ལེགས་བྱེད་དགོས།
གྲོས་ཚོགས་ལས་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ནན་མོར་འཁུར་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་དགོས་ཤིང་། རིམ་པ་སོ་སོའི་ལས་བྱེད་པས་ལས་གནས་བརྟན་སྲུང་དང་ནུས་ཤུགས་ཡོད་རྒུ་འདོན་དགོས་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་ཐོག་ནས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注