ལིས་ཆང་གིས་མགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ1པོའི་ཚེས3ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། གྲོང་ཁྱེར་གསར་སྒྱུར་བྱ་བར་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས་ཤིང་། ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་ལ། གནའ་སྡོང་གྲགས་ཅན་སྲུང་སྐྱོབ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་གྲོང་ཁྱེར་གསར་སྒྱུར་དེ་གྲོང་ཁྱེར་གྱི་རྣམ་པ་དང་བཅའ་སྡོད་སྤུས་ཀ་མཐོར་འདེགས་གཏོང་བར་འབྲེལ་བ་ཡོད་པས། ནང་མཁོ་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གྲོང་ཁྱེར་གྱི་སྒྲིག་གཞི་ལེགས་སྒྱུར་དང་བྱེད་ནུས་འཐུས་ཚང་། སྤུས་ཀ་མཐོར་འདེགས་བཅས་ལ་གཅིག་འདོམས་སྒོས་སྐུལ་འདེད་གཏོང་བ། སྡོད་བདེ་བ་དང་མཉེན་གཤིས་ཡོད་པ། རིག་ནུས་ཅན་བཅས་ཀྱི་གྲོང་ཁྱེར་ཞིག་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁུལ་རྙིང་བ་དང་སྲང་ལམ། བཟོ་གྲྭ། གྲོང་ཁྱེར་ནང་གི་སྡེ་བ་སོགས་ཀྱི་སྒྱུར་བཀོད་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྒྱུར་བཀོད་ལ་ཤུགས་སྣོན་བྱེད་པ། གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་སླར་གསོ་བྱས་ཏེ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས། ས་ཞིང་དང་མ་དངུལ་སོགས་ཀྱི་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ་དང་། ཉར་ཚད་ཉུང་ཞིང་ཕན་ནུས་དམའ་བའི་ས་ཞིང་བེད་སྤྱོད་བྱེད་པ། ནོར་སྲིད་དང་དངུལ་རྩའི་ཐོན་ཁུངས་གཅིག་འདོམས་སྒོས་བེད་སྤྱོད་གང་ལེགས་བྱེད་པ། ཁྲོམ་ར་ཅན་གྱི་དངུལ་སྡུད་རྣམ་པ་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁྱེར་གསར་སྒྱུར་བྱ་བར་ཞུགས་སུ་འཇུག་དགོས། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་གསར་གཏོད་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་དང་། རྒྱུན་མཐུད་ཐུབ་པའི་གྲོང་ཁྱེར་གསར་སྒྱུར་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།
གྲོས་ཚོགས་ལས་ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པ་ནི་དམངས་ཚིས་དང་འབྲེལ་བའི་དོན་ཆེན་ཞིག་རེད། གླ་ཕོགས་ཆད་པའི་མངོན་གསལ་གནད་དོན་དག་ཐེར་བཅོས་སྐྱོང་གི་ཤུགས་ཚད་སྔར་ལས་ཆེ་རུ་གཏོང་བ་དང་། འགན་དབང་སྲུང་སྐྱོང་གི་ཐབས་ལམ་རྒྱ་བསྐྱེད་པ། བསམ་བཞིན་དུ་གླ་ཕོགས་ཆད་པར་ཆད་པ་ནན་མོ་བཅད་ནས། རྒྱ་ཆེའི་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་ཀྲུང་དབྱང་གི་ཁེ་ལས། རྒྱལ་དབང་ཁེ་ལས་བཅས་ཀྱིས་སྔོན་ལ་ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་པ་དང་གླ་ཕོགས་ཆད་པའི་གནད་དོན་ཐག་གཅོད་བྱེད་པར་སྣེ་ཁྲིད་མཛུབ་སྟོན་དང་། ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱིས་དུས་ལྟར་གླ་ཕོགས་སྤྲོད་པར་ལྟ་སྐུལ་བྱེད་དགོས། གླ་ཕོགས་སྟེར་བའི་སྔོན་བརྡའི་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། མི་དོན་དང་དངུལ་སྡུད་སོགས་སྡེ་ཁག་གི་འབྲེལ་ཡོད་གཞི་གྲངས་མཉམ་འདྲེས་བྱེད་པར་ཤུགས་བསྣན་ནས། གླ་ཕོགས་ཆད་པའི་གནད་དོན་བཅོས་སྐྱོང་བྱེད་ནུས་ཇེ་ཆེར་གཏོང་དགོས། ལམ་ལུགས་ཅན་དང་ཡུན་ཕན་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། མགོ་ཁུངས་ནས་ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བར་འགན་སྲུང་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་གནའ་སྡོང་གྲགས་ཅན་སྲུང་སྐྱོབ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲུང་སྐྱོབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། གནའ་སྡོང་གྲགས་ཅན་སྲུང་སྐྱོབ་དོ་དམ་ཚད་གཞི་དང་། ཚད་ལྡན་སོགས་ཆ་སྡེབ་ལམ་ལུགས་མ་ལག་མགྱོགས་མྱུར་ངང་གཏན་འབེབས་དང་བཟོ་བཅོས་བྱས་ཏེ། རིམ་དབྱེ་དང་རིགས་དབྱེ་བྱས་ནས་སྲུང་སྐྱོབ་དང་། ཉིན་རྒྱུན་གསོ་སྐྱོང་། གཅོད་བཏུབ་སྤོ་འཛུགས་དོ་དམ་སོགས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལུགས་མཐུན་སྒོས་གནའ་སྡོང་གྲགས་ཅན་གྱི་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་། ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྔོག་འདོན་གང་ལེགས་བྱེད་པ། རིམ་ལྡན་སྒོས་སྐྱེ་ཁམས་ཡུལ་སྐོར་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་བྱ་འགུལ་སྤེལ་བ། གསོ་སྐྱོང་སྐྱོབ་བཅོས་ཀྱི་ཚན་རིག་གི་བྱེད་ཐབས་དང་ཚན་རིག་ཤེས་བྱ་དྲིལ་སྒྲོག་ལེགས་པོ་བྱེད་པ། གནའ་སྡོང་ལ་དུག་ཁབ་རྒྱག་པ་དང་ཁྲིམས་འགལ་བཏུབ་གཅོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། སྤྱི་ཚོགས་ཡོངས་ལ་ཁྲིད་སྟོན་བྱས་ནས་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་ཤུགས་སྣོན་པ་དང་སྲུང་སྐྱོབ་མཉམ་ཤུགས་གྲུབ་པར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注