ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡཱ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2025ལོའི་ཟླ1པོའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡཱ་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཁྭ་ཏོར་ནི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན། འབྲེལ་བ་བཙུགས་ནས་ལོ45འགོར་བའི་རིང་ལ། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱས་ཡོད། ཉེ་བའི་ལོ་འདི་འགར། ཕྱོགས་གཉིས་བར་གྱི་ཆབ་སྲིད་ཡིད་རྟོན་ཉིན་རེ་བཞིན་སྲ་བརྟན་དུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་མཛའ་བརྩེ་མི་རེ་རེའི་སེམས་སུ་སིམ་པར་བྱས་ཡོད། ལྷག་པར་དུ་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ལ་བདེ་ལེགས་ངང་མིང་རྟགས་བཀོད་ནས་ནུས་ལྡན་དུ་གྱུར་པ་དང་། ཉོ་ཚོང་མཉམ་ལས་སྤུས་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྣན་ཡོད། ངས་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བ་མགོ་རྩོམ་ས་གསར་པར་བྱས་ཏེ། སྲོལ་རྒྱུན་མཛའ་འབྲེལ་རྒྱུན་བསྲིང་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ནོ་ཝོ་ཡཱས་བསྟན་དོན། ཨེ་ཁྭ་ཏོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བ་དེ་ནི་དོན་སྙིང་གཏིང་ཟབ་ལྡན་པའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་ཏེ། ལོ་ངོ45རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱས་པའི་རྨང་གཞིའི་སྟེང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་གྲུབ་འབྲས་མི་དམན་པ་བླངས་ཡོད། ཨེ་ཁྭ་ཏོར་རྒྱུད་ལམ་གཅིག་གྲོས་གཞིའི་ཁྲོད་ཞུགས་ཤིང་ཨེ་ཁྭ་ཏོར་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་བ་ལས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱེད་པ་དང་། མཛའ་བརྩེ་ཇེ་ཟབ་དང་གྲོས་མོལ་དང་མཉམ་ལས་གཏིང་ཟབ་སྤེལ་ནས་ཐུན་མོང་དར་རྒྱས་འགྲོ་བའི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注