མྱུར་བགྲོད་མེ་འཁོར་སྟེང་གཞན་གྱི་འདུག་སྟེགས་བཙན་འཕྲོག་བྱེད་ཆོག་གམ།
ཚེ་སྐྱབས་མྱུར་བགྲོད་མེ་འཁོར་སྟེང་འདུག་སྐབས་ལྷ་མོའི་འདུག་སྟེགས་སུ་བསྡད་པ་དང་། ལྷ་མོ་མེ་འཁོར་ནང་སླེབས་རྗེས། ཚེ་སྐྱབས་སྔར་བཞིན་ལྷ་མོའི་འདུག་སྟེགས་སུ་བཙན་གྱིས་བསྡད་པར་མ་ཟད། མེ་འཁོར་ཞབས་ཞུ་བར་ཁ་ཡ་མ་བྱས། མེ་འཁོར་ཞབས་ཞུ་བ་དང་མེ་འཁོར་ཉེན་རྟོག་པས་ཁ་ལ་བྱས་ཀྱང“ཡར་ལངས་མི་ཐུབ་པས། འདུག་སྟེགས་གཞན་ལ་སྟེར་ཐབས་མེད”ཅེས་བཤད་དེ་ངལ་བ་འབྲས་མེད་དུ་གྱུར་མཐར། ལྷ་མོ་ཚོང་དོན་འཁོར་སྒམ་ནང་འདུག་ཏུ་བཅུག ངོ་ཚ་བྲལ་བའི“འདུག་སྟེགས་བཙན་འཕྲོག”གི་བྱ་སྤྱོད་ལ་ང་ཚོར་དངོས་གནས་བྱ་ཐབས་ཅི་ཡང་མེད་དམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདིའི་རྩོད་གཞི་ནི“འདུག་སྟེགས་བཙན་འཕྲོག”བྱ་སྤྱོད་ཀྱི་ངོ་བོ་ཇི་ལྟར་ངོས་འཛིན་བྱེད་པར་ཐུག་ཡོད། མྱུར་བགྲོད་མེ་འཁོར་སྟེང“འདུག་སྟེགས་བཙན་འཕྲོག”བྱེད་མཁན་གྱི་བྱ་སྤྱོད་ནི་བཅའ་ཁྲིམས་ཀྱི་འབྲེལ་བ་རིམ་པ་གཉིས་དང་འགལ་ཡོད་དེ། གཅིག་ནི་རང་གིས་ཉོས་པའི་སྤ་སེའི་ཨང་རྟགས་ལྟར་མ་བསྡད་པས་ཁོ་དང་ལྕགས་ལམ་ཀུང་སིའི་བར་གྱི་གན་རྒྱའི་ཁ་ཆད་དང་འགལ་ཡོད་ལ། གཉིས་ནི་འགྲུལ་བ་གཞན་དག་ལ་སྤ་སེ་ཡོད་ཀྱང་འདུག་སྟེགས་སུ་སྡོད་མི་ཐུབ་པར་བྱས་ཡོད་པས་འགྲུལ་བ་གཞན་པའི་དབང་ཆར་གནོད་པ་བཟོས་ཡོད། དེའི་ཕྱིར། མྱུར་བགྲོད་མེ་འཁོར་སྟེང་མི་གཞན་གྱི་འདུག་སྟེགས་བཙན་འཕྲོག་བྱེད་པ་ནི་དོན་དངོས་སུ་ཆིངས་འགལ་བྱ་སྤྱོད་དུ་གཏོགས་ལ། སྐྱེལ་འགན་ཁུར་མཁན་གྱིས་འདུག་སྟེགས་བཙན་འཕྲོག་མཁན་ལ་འདུག་སྟེགས་ཕྱིར་སྤྲོད་པ་དང་ཡང་ན་སྤ་སེའི་ཉོ་རིན་གསབ་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཆོག གལ་ཏེ་ཡུལ་དངོས་ནས་ཐག་གཅོད་བྱས་ཀྱང་གནས་སྟངས་ཚོད་འཛིན་བྱེད་དཀའ་ཚེ། བྱེད་ཐབས་གཞན་སྤྱད་དེ་གཞོགས་འདེགས་བྱེད་པར་བསམ་བློ་བཏང་ཆོག་སྟེ། དཔེར་ན་མི་དེ་མིང་ཐོ་ནག་པོའི་ནང་བཞག་སྟེ་མྱུར་བགྲོད་མེ་འཁོར་དུ་འདུག་པར་ཚོད་འཛིན་བྱེད་པ་སོགས་ལྟ་བུ།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན502པའི་ཁོད་ཚན་དང་པོ། ཁྲིམས་ལྟར་ཚུགས་པའི་གན་རྒྱ་ནི་ཚུགས་པའི་དུས་ནས་བཟུང་ནུས་པ་ཐོན་མོད། ཡིན་ཡང་བཅའ་ཁྲིམས་ནང་གཏན་འབེབས་གཞན་ཡོད་པའམ་ཡང་ན་ཁ་ཆད་གཞན་ཡོད་པ་ཕུད།
དོན་ཚན814པ། འགྲུལ་སྐྱེལ་གན་རྒྱ་ནི་སྐྱེལ་འགན་ཁུར་མཁན་གྱིས་འགྲུལ་བར་འཛིན་བྱང་བཏོན་པའི་དུས་ནས་བཟུང་ཚུགས་པ་ཡིན་ལ། དོ་བདག་ལ་ཁ་ཆད་གཞན་དང་ཉོ་ཚོང་གི་གོམས་གཤིས་གཞན་ཡོད་པ་ཕུད།
དོན་ཚན815པའི་ཁོད་ཚན་དང་པོ། འགྲུལ་བ་འཛིན་བྱང་ནུས་ལྡན་སྟེང་བཀོད་པའི་དུས་ཚོད་དང་འཁོར་ཐེངས། ཨང་རྟགས་བཅས་ལྟར་འགྲུལ་སྡོད་བྱེད་དགོས། འགྲུལ་བར་སྤ་སེ་མེད་པར་འགྲུལ་སྡོད་བྱེད་པ་དང་ལམ་ཐག་ལས་བརྒལ་ཏེ་འགྲུལ་སྡོད་བྱེད་པ། རིམ་པ་བརྒལ་ཏེ་འགྲུལ་སྡོད་བྱེད་པའམ་ཡང་ན་རིན་གོང་གཅོག་པའི་ཆ་རྐྱེན་དང་མི་མཐུན་པའི་གཟིགས་སྐྱོང་སྤ་སེ་བཟུང་ནས་འགྲུལ་སྡོད་བྱེད་པ་སོགས་ཡིན་ན། སྤ་སེ་ཉོ་རིན་གསབ་སྤྲོད་བྱེད་དགོས། སྐྱེལ་འགན་ཁུར་མཁན་གྱིས་གཏན་འབེབས་ལྟར་སྤ་སེའི་རིན་གོང་མང་དུ་བླངས་ཆོག འགྲུལ་བས་སྤ་སེ་ཉོ་རིན་མི་སྤྲོད་པ་ཡིན་ན། སྐྱེལ་འགན་ཁུར་མཁན་གྱིས་སྐྱེལ་འདྲེན་བྱེད་རྒྱུ་དང་ལེན་མ་བྱས་ཀྱང་ཆོག
ཁྲིམས་ཚན་ཞིབ་འགྲེལ།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་འགྲུལ་བའི་སྐྱེལ་འདྲེན་འོས་འགན་ཐད་ཀྱི་སྤྱིར་བཏང་གི་གཏན་འབེབས་ཡིན་ལ། འདུག་སྟེགས་བཙན་འཕྲོག་གི་བྱ་སྤྱོད་ཐག་གིས་གཅོད་པར་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ།
“འདུག་སྟེགས་བཙན་འཕྲོག”ཞེས་པ་དེ་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་མིན་ལ། བཅའ་ཁྲིམས་ཀྱི་བརྗོད་པ་ངོ་མ་ནི“རང་ཉིད་ཀྱི་འདུག་སྟེགས་མ་ཡིན་པ་སྤྱད་པ”ཞེ་ན་འགྲིག ཉེ་བའི་ལོ་འདི་འགའི་རིང་ལྕགས་ལམ་འགྲིམ་འགྲུལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། འགྲུལ་བའི་འདུག་སྟེགས་བཙན་འཕྲོག་བྱེད་པ་དང་སྐྱེལ་འགན་ཁུར་མཁན་ལ་སྐྱེལ་འདྲེན་བདེ་འཇགས་ཀྱི་བྱེད་ཐབས་སྤྱོད་པར་གཞོགས་འདེགས་མི་བྱེད་པ་སོགས་ཀྱི་བྱ་སྤྱོད་རྒྱུན་པར་འབྱུང་བཞིན་ཡོད་དེ། དམངས་དོན་ཁྲིམས་གཞུང་གིས་སྤྱི་ཚོགས་ཀྱི་གནད་དོན་ལ་ཨ་ལན་སློག་པ་དང་། འགྲུལ་སྐྱེལ་གན་རྒྱའི་དོ་བདག་གི་དབང་ཆ་དང་འོས་འགན་ཞིབ་ཕྲར་བཏང་ཡོད་ལ། སྐྱེལ་འདྲེན་གྱི་སྒྲིག་ལམ་ལ་གནོད་པ་དང་སྐྱེལ་འདྲེན་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཚབས་ཆེན་ཚད་ལྡན་དུ་བཏང་སྟེ། རྒྱུན་ལྡན་གྱི་སྐྱེལ་འདྲེན་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཡོད།
མྱུར་བགྲོད་མེ་འཁོར་དཔེ་གཞིར་བཟུང་སྟེ། འགྲུལ་བ་དང་ལྕགས་ལམ་ཀུང་སི་གཉིས་ཀྱི་བར་སྤ་སེ་ཉོས་པ་བརྒྱུད་དེ་འགྲུལ་སྐྱེལ་གན་རྒྱ་བཞག་ཡོད། འདུག་སྟེགས་ཀྱི་ཨང་རྟགས་ལྟར་སྡོད་པ་ནི་གན་རྒྱའི་འོས་འགན་སྒྲུབ་པ་ཡིན། འདུག་སྟེགས་བཙན་འཕྲོག་མཁན་གྱིས་ཁ་ཆད་ལྟར་འགྲུལ་སྡོད་མ་བྱས་པ་དེ་གན་རྒྱའི་ཁ་ཆད་དང་འགལ་ཡོད་པས། ལྕགས་ལམ་ཀུང་སིས་འདུག་སྟེགས་བཙན་འཕྲོག་མཁན་ཁ་ཆད་དང་འགལ་བ་རྒྱུ་མཚན་དུ་བྱས་ནས་ཞུ་གཏུག་བྱེད་ཆོག དེ་ལས་གཞན་ད་དུང་། འདུག་སྟེགས་བཙན་འཕྲོག་མཁན་གྱིས་མི་གཞན་གྱི་འདུག་སྟེགས་བཙན་འཕྲོག་བྱེད་པ་ནི་དབང་གནོད་བྱ་སྤྱོད་ཅིག་ཡིན་ལ། བྱེ་བྲག་ཏུ་དབང་ཆར་གནོད་པ་ཐེབས་པ་ནི་བཙན་འཕྲོག་བྱ་ཡུལ་གྱི་འདུག་སྟེགས་སྤྱོད་དབང་ཡིན། འདུག་སྟེགས་བཙན་འཕྲོག་བྱ་ཡུལ་གྱིས་སྒོར་མོ་བཏོན་ཡང་འདུག་སྟེགས་སྟེང་སྡོད་མ་ཐུབ་པས། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་འོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注