《ལྡེམ་གཤིས་ལྡན་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་བསྟར་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པ།
《ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་གྱིས་ནར་འགྱངས་ལག་བསྟར་བྱེད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》ལག་བསྟར་དོན་འཁྱོལ་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ནོར་སྲིད་པུའུ་སོགས་སྡེ་ཁག་གསུམ་གྱིས་ཟླ1པོའི་ཚེས་1ཉིན《ལྡེམ་ཤུགས་ལྡན་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་བསྟར་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་ཏེ། ལྡེམ་ཤུགས་ལས་འཁྱུར་ངལ་གསོའི་གོ་རིམ་དང་གཞི་རྩའི་རྒན་གསོའི་དངུལ་ལེན་པ་སོགས་ཀྱི་ནང་དོན་གསལ་བོར་བཟོས་ཡོད།
གཏན་འབེབས་ལྟར་ན། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་ལོ15ཡི་དུས་ཚོད་སྤྱད་དེ་ལས་བཟོ་བ་སྐྱེས་པ་རྣམས་ཀྱི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་སྔོན་ཆད་ཀྱི་ལོ60ནས་ལོ63བར་རིམ་བཞིན་ནར་འགྱངས་བྱ་རྒྱུ་དང་། ལས་བཟོ་བ་བུད་མེད་རྣམས་ཀྱི་ཁྲིམས་བཀོད་ལས་འཁྱུར་ལོ་ཚད་སྔོན་ཆད་ཀྱི་ལོ50དང་ལོ55ནས་ལོ55དང་ལོ58བར་སོ་སོར་ནར་འགྱངས་བྱ་རྒྱུ་རེད།
《ལྡེམ་གཤིས་ལྡན་པའི་ལས་འཁྱུར་ལམ་ལུགས་ལག་བསྟར་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས》ཁྲོད2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལས་བཟོ་བས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཟླ་རེའི་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཆེས་དམའ་བའི་གྲོན་དངུལ་འཇོག་པའི་ལོ་ཚད་ལ་སླེབས་ཚེ། རང་མོས་ཀྱིས་ལྡེམ་གཤིས་སྔ་སྣུར་ལས་འཁྱུར་བྱེད་ཆོག་པ་དང་། སྔ་སྣུར་གྱི་དུས་ཚོད་དེ་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་དང་དུས་ཡུན་རིང་ཤོས་ལོ3ལས་བརྒལ་མི་རུང་བར་མ་ཟད། ལས་འཁྱུར་ངལ་གསོའི་ལོ་ཚད་དེ་བུད་མེད་ལས་བཟོ་བ་ལོ50དང་། ལོ55དང་དེ་བཞིན་སྐྱེས་པ་ལས་བཟོ་བ་ལོ60བཅས་ཀྱི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ལས་དམའ་མི་ཆོག
ལས་བཟོ་བས་རང་མོས་ཀྱིས་ལྡེམ་ཤུགས་ལྡན་པའི་སྒོ་ནས་སྔ་སྣུར་དུ་ལས་འཁྱུར་ངལ་གསོའི་དུས་ཚོད་བདམས་ཚེ། ཉུང་མཐར་ཡང་རང་ཉིད་ཀྱིས་བདམས་པའི་ལས་འཁྱུར་ངལ་གསོའི་དུས་ཚོད་ཀྱི་སྔོན་ལ་ཟླ་བ3གྱི་སྔོན་ལ་ཡིག་ཐོག་གི་རྣམ་པས་གནས་ཡུལ་སྡེ་ཚན་ལ་གསལ་བཤད་བྱ་དགོས།
ལས་བཟོ་བ་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ལ་སླེབས་སྐབས་གནས་སའི་སྡེ་ཚན་དང་ལས་བཟོ་བ་གཉིས་གྲོས་མོལ་བྱས་ནས་གཅིག་མཐུན་བྱུང་ཚེ། ལྡེམ་ཤུགས་ལྡན་པའི་སྒོ་ནས་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱས་ཆོག ནར་འགྱངས་དུས་ཚོད་དེ་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་དང་བར་ཐག་རིང་ཤོས་ལོ3ལས་བརྒལ་མི་ཆོག གནས་ཡུལ་སྡེ་ཚན་དང་ལས་བཟོ་བ་གཉིས་ཀྱིས་ཟླ་བ1སྔ་སྣུར་བྱས་ཏེ། ཡིག་ཐོག་གི་རྣམ་པས་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱེད་པ་སོགས་ཀྱི་དོན་དག་གསལ་པོར་བཟོ་དགོས།
ལྡེམ་ཤུགས་ལྡན་པའི་སྒོ་ནས་ལས་འཁྱུར་ངལ་གསོའི་དུས་ཚོད་ཕྱིར་འགྱངས་བྱེད་པའི་རིང་གནས་ཡུལ་སྡེ་ཚན་དང་ལས་བཟོ་བས་གྲོས་མོལ་བྱས་ནས་གཅིག་མཐུན་བྱུང་ཚེ། ལྡེམ་ཤུགས་ལྡན་པའི་སྒོ་ནས་ལས་འཁྱུར་ངལ་གསོའི་དུས་ཚོད་ཕྱིར་འགྱངས་བྱེད་མཚམས་བཞག་ནས་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་བསྒྲུབ་ཆོག
རྒྱུས་ལོན་པ་ལྟར་ན། གཏན་འབེབས་ཁྱབ་བསྒྲགས་བྱས་ཚུན་ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རྒན་གསོའི་གསོ་སྐྱོང་ཞབས་ཞུ་འཐུས་ཚང་དུ་གཏོང་བ། ལོ་ན་རྒན་པའི་ལས་ཤོར་མི་སྣའི་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་བཏོན་པ་དང་། ལོ་ན་དང་འབྲེལ་བ་ཡོད་པའི་ལས་རིགས་ཐོབ་ཐང་དང་ལག་ཁྱེར་སོགས་ཀྱི་དོན་དག་ལ་ཞིབ་འཇུག་ལེགས་སྒྲིག་བྱས་ཏེ། ལས་འཁྱུར་ངལ་གསོའི་བཅོས་བསྒྱུར་ལག་བསྟར་ཕྱིར་འགྱངས་བྱེད་པའི་གྲ་སྒྲིག་ལས་དོན་སོ་སོ་ལེགས་པོར་བསྒྲུབས་ཡོད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་གྱིས་རྗེས་མར་གཏན་འབེབས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། ལྡེམ་ཤུགས་ལྡན་པའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་བསྟར་ཡག་པོ་བྱས་ཏེ། རང་མོས་དང་ལྡེམ་ཤུགས་ཀྱི་རྩ་དོན་གང་ལེགས་མཚོན་པ་དང་། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ནས། མི་ཤུགས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注