ཞི་ཅིན་ཕིང་གིས2025ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།
ལོ་གསར་བ་སླེབ་ལ་ཉེ་བའི་སྐབས་འདིར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་དྲ་བ་བརྒྱུད་དེ་སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལོའི་ལོ་གསར་གྱི་ཤིས་ཚིག་གསུངས།
ལོ་གསར་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་དྲ་བ་བརྒྱུད་དེ་སྤྱི་ལོ་ཉིས་སྟོང་ཉེར་ལྔ་ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཚང་མ་སྐུ་ཁམས་བཟང་། དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ཞིག་རེད་ཨང་། ལོ་གསར་པ་བསླེབ་ལ་ཉེ་བའི་སྐབས་འདིར། ངས་པེ་ཅིན་ནས་ཚང་མར་བཀྲ་ཤིས་པའི་སྨོན་འདུན་ཞུ་རྒྱུ་ཡིན།
2024ལོར་ང་ཚོས་མཉམ་དུ་དུས་བཞིའི་འགྲོས་དང་འགྲོགས་ནས། དཀའ་སྡུག་གི་ཆར་རླུང་དང་མཚར་སྡུག་གི་འཇའ་ཚོན་གྱི་ལམ་བུ་བརྒྱུད་པ་དང་། ཕྱིར་དྲན་གྱི་སྐད་ཅིག་མ་རེ་རེས་སྤྱིར་བཏང་མ་ཡིན་པའི་ལོ་འདི་ཕར་བསྐྱལ་བས། དེ་ནི་མི་སེམས་འགུལ་བ་དང་བརྗེད་པར་དཀའ་བ་ཞིག་རེད།
ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཧུར་ཐག་གིས་ཁ་གཏད་དེ། སྲིད་ཇུས་ཀྱི“མཉམ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་སོང་ཞིང་། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི130ལས་བརྒལ་ཡོད། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.4ལས་བརྒལ་ནས་ཀྲུང་གོའི་ཟས་ཕོར་ནང་དེ་བས་མང་པོའི་ཀྲུང་གོའི་འབྲུ་རིགས་ཀྱིས་བལྟམས་ཡོད། ས་ཁོངས་འཕེལ་རྒྱས་ཐད་མཐུན་སྦྱོར་མཉམ་འགུལ་དང་སྟོབས་ཤུགས་གསོག་འཇོག་བྱས་ནས། རྣམ་པ་གསར་པའི་གྲོང་རྡལ་ཅན་དང་གྲོང་གསེབ་དར་སྤེལ་ཕན་ཚུན་མཉམ་འདྲེས་དང་གཅིག་མཐུན་མཉམ་འགུལ་ཐུབ་ཡོད། སྦགས་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་མཛེས་སྡུག་ཀྲུང་གོའི་རི་མོ་ཞིག་རིམ་གྱིས་བཀྲམས་ཡོད།
ང་ཚོས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་པས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་སྔ་རྗེས་སུ་ཐོན་ཞིང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོའི་ཐོན་འབོར་ཆེས་ཐོག་མར་ཁྲི1000ལས་བརྒལ་ཞིང་། འདུས་གྲུབ་གློག་ལམ་དང་མི་ཐབས་རིག་ནུས། ཚད་རྡུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་ནང་གྲུབ་འབྲས་གསར་པ་བླངས་ཡོད། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་ཐེངས་དང་པོར་ཟླ་བའི་གོ་ལ་ནས་མ་དཔེ་བླངས་པ་དང་། ཕུགས་འདུན་རྟགས་ཅན་གྱིས་མཐའ་ཡས་རྒྱ་མཚོར་མྱུལ་དཔྱད་བྱས་ལ། ཧྲིན་ཀྲིན་ནས་ཀྲུང་ཧྲན་བར་གྱི་ཟམ་ཆེན་གྱིས་རྒྱ་མཚོའི་ཕར་ཚུར་སྦྲེལ་ཞིང་། ལྷོ་སྣེའི་ཆིན་ལིན་ས་ཚིགས་དེ་འཁྱགས་རོམ་གྱི་ཞིང་ཁམས་སུ་རྔམ་བརྗིད་ཀྱིས་བསྐྲུན་པ་བཅས་ལས། ཀྲུང་གོ་བས་མཁའ་དབྱིངས་རྒྱུ་སྐར་དང་མཐའ་མེད་རྒྱ་མཚོའི་གཏིང་མཐའ་དཔོག་པའི་བློ་སྤོབས་དང་འདུན་པ་མངོན་པར་མཚོན་ཡོད།
ད་ལོར་ང་རང་ས་གནས་སུ་རྟོག་ཞིབ་ལ་བསྐྱོད་སྐབས། ཚང་མའི་འཚོ་བ་བདེ་ཞིང་སྐྱིད་ལ་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་བྱུང་། ཐེན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར་བ་དང་། ཏུང་ཧྲན་ཨའོ་ཅའོ་སྡེ་བའི་ཉ་ལས་ལེགས་ཤིང་འཕེལ་ཁ་དར་ཡོད། རི་བོ་མའེ་ཅི་བྲག་ཕུག་གི“ཤར་ཕྱོགས་ཀྱི་འཛུམ་མདངས”དེ་ལོ་ངོ་སྟོང་གི་ཡུལ་དུས་ལས་བརྒལ་ཞིང་། ལིའུ་ཁྲེ་སྲང་ལམ་གྱི་ཡ་རབས་གུས་ལུགས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཡོད། ཐེན་ཅིན་གྱི་གནའ་བོའི་རིག་གནས་སྲང་ལམ་དུ་འདུ་འཛིས་ཁེངས་པ་དང་། དབྱིན་ཁྲོན་གྱི་མི་རིགས་མང་པོའི་སྡེ་ཁུལ་གྱི་སྡོད་མི་རྣམས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ། ཡིན་ཡང་། ཚང་མས་དོ་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་དང་། “རྒན་རྒོན་གཅིག་དང་བྱིས་པ་གཅིག”གི་སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་ནི་ངས་ནམ་ཡང་སེམས་ཁུར་བྱ་ཡུལ་ཡིན། ལོ་གཅིག་གི་རིང་། རྨང་གཞིའི་རྒན་གསོའི་གྲོན་དངུལ་མཐོ་རུ་ཕྱིན་པ་དང་། སྡོད་ཁང་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་ཕྱིན་ཡོད། ཐད་ཀར་རྩིས་ཞུ་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་བ་དེས་ས་ཆ་གཞན་དུ་སྨན་བཅོས་བྱ་རྒྱུ་སྟབས་བདེ་བསྐྲུན་ལ། འཛད་སྤྱོད་དངོས་པོ་རྙིང་ཚབ་གསར་བརྗེ་ཡིས་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་སོགས་ཀྱིས་ཚང་མའི་ཐོབ་སྣང་སླར་ཡང་ཇེ་ཆེར་བཏང་ཡོད།
ཕ་རི་སིའི་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་སྟེང་རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་པས། ཕྱི་ཁོངས་སུ་འགྲན་བསྡུར་ཁྲོད་ཞུགས་པའི་གྲུབ་འབྲས་ཡག་ཤོས་དེ་ཐོབ་པ་དང་། དེའི་ཐོག་ནས་གཞོན་ནུའི་མི་རབས་རྣམས་ཀྱི་ཞུམ་མེད་ཡར་ཐོན་དང་བློ་སྤོབས་ཆེ་བའི་ཉམས་བཟང་ལེགས་པར་མངོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ་ངོ75ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཤིང་། མི་དམངས་བུ་ཕྲུག་དམག་གི་ཉམས་སྣང་གསར་པ་མངོན་པར་བྱས་ཡོད། ཆུ་ལོག་དང་རྒྱ་མཚོའི་རླུང་འཚུབ་སོགས་རང་བྱུང་གནོད་འཚེའི་མདུན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོངས་བྱས་པ་དང་། ཚང་མས་ཀུན་སེམས་གཅིག་སྒྲིལ་དང་སོ་སྲུང་རོགས་རེས་བྱས་ཡོད། ངལ་རྩོལ་པ་དང་འཛུགས་སྐྲུན་པ། ལས་གཏོད་པ་སོགས་གྲངས་ལས་འདས་པས་ཕུགས་འདུན་གྱི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད། ངས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་སྤྲད་པ་ཡིན། གཟི་བརྗིད་དེ་ནི་ཁོང་ཚོར་དབང་བ་ཡིན་ལ། འགན་འཁྲི་ཕྲག་ཏུ་འཁུར་བའི་འབད་འཐབ་པ་ཚང་མར་དབང་བའང་ཡིན།
དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་སུ་གནས་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འགྱུར་ལྡོག་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་པ་དང་དངོས་སྒྲུབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལེགས་པོར་སྤེལ་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་གཉིས་དང་ཕྱོགས་མང་གི་གནས་ཡུལ་དུ་ཀྲུང་གོའི་འདོད་ཚུལ་གསལ་པོར་བཏོན་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་ཆེད་དྲང་ནུས་མང་པོ་བསྣན་ཡོད།
ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། བརྩེ་བ་ཟབ་མོའི་སྒོ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་འགྱུར་ཆེན་མོར་ཕྱིར་དྲན་བྱས་ཡོད། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་གྱི་ལམ་བུའི་སྟེང“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་ལི་ཆས“ཧོ་ཙུན”གྱི་མཐིལ་ཏུ་བརྐོས་ཡོད་ལ། ལྷག་པར་ཏུ་ཧྭ་ཞ་ཡི་བུ་རྒྱུད་ཚང་མའི་སེམས་སུ་བརྐོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དུང་བརྡ་བསྒྲགས་ཡོད། ང་ཚོ་བཅོས་བསྒྱུར་སྒོ་འབྱེད་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་མདུན་དུ་སྐྱོད་བཞིན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བཅོས་བསྒྱུར་སྒོ་འབྱེད་ཁྲོད་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གཏོད་ཐུབ་ངེས་ཡིན།
2025ལོར། ང་ཚོས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས། སྔར་ལས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་དེ་གནས་ཚུལ་གསར་པ་ཁ་ཤས་དང་འཕྲད་ཡོད་པ་སྟེ། ཕྱི་རོལ་ཁོར་ཡུག་ངེས་གཏན་མེད་པའི་འགྲན་སློང་ཡོད་པ་དང་། སྒུལ་ཤུགས་གསར་རྙིང་བརྗེ་སྤོར་གྱི་གནོན་ཤུགས་ཡོད་མོད། འོན་ཀྱང་དེ་དག་འབད་བརྩོན་བྱས་ཏེ་ཁྱད་བསད་བྱེད་ཆོག ང་ཚོ་ནམ་ཡང་ཆར་རླུང་གི་ཁྲོད་དུ་འཚར་ལོངས་བྱུང་བ་དང་། ཚོད་བགམ་བརྒྱུད་པའི་ཁྲོད་སྟོབས་ལྡན་དུ་འགྱུར་བཞིན་ཡོད་པས། ཚང་མར་ཡིད་ཆེས་ཀྱིས་ཁེངས་དགོས།
ཁྱིམ་དོན་རྒྱལ་དོན་དང་གནམ་འོག་གི་དོན་དག་གང་ཡིན་རུང་། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན། ཁྱིམ་ཚང་ཚང་མས་ཕྲུ་གུ་ཚོས་སློབ་གསོ་ཡག་པོ་མྱོང་ཐུབ་པ་དང་། རྒན་རྒོན་རྣམས་ལ་རྒན་གསོའི་ཞབས་ཞུ་ཡག་པོ་ཡོད་པ། གཞོན་ནུ་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཡོད་པ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། བབ་ཆགས་ཀྱི་རེ་འདུན་དེ་དག་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་སྤྱི་ཚོགས་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། འཆམ་མཐུན་བསྟུན་མཁས་ཀྱི་རྣམ་པ་མུ་མཐུད་དུ་བསྐྲུན་ཐོག མང་ཚོགས་ཉེ་འགྲམ་གྱི་དོན་ཆེན་དོན་ཆུང་མ་ལུས་ཐག་གཅོད་ཡག་པོ་བྱས་ཏེ།ཚང་མར་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཤིང་སེམས་ལ་དྲོད་ཁོལ་གྱིས་བརྟས་པར་བྱ་དགོས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པའི་སྐབས་འདིར། ང་རང་སླར་ཡང་ཧའོ་ཅང་གཙང་པོའི་འགྲམ་དུ་ཕེབས་པ་དང་། ཡུལ་འདིའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པས་དགའ་སྤྲོ་ཚད་མེད་སྐྱེས་སུ་བཅུག་སོང་། ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་གི་མི་ཡིན་པས།སུས་ཀྱང་ང་ཚོའི་ཁྲག་རྒྱུད་དང་བརྩེ་བ་གཅོད་མི་ཐུབ་ལ།སུས་ཀྱང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བཀག་འགོག་བྱེད་མི་ཐུབ།
འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། བློ་ཁོག་ཡངས་པོས་འགལ་རྐྱེན་གྱི་གདོང་གཏུག་ལས་བརྒལ་བ་དང་། བརྩེ་སེམས་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་ལྟ་རྟོག་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛའ་མཐུན་མཉམ་ལས་ལག་ལེན་བྱེད་མཁན་དང་། ཕན་ཚུན་ལ་ཤེས་རིག་སློབ་སྦྱོང་བྱེད་པའི་སྐུལ་འདེད་མཁན། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྱོང་ནང་ཞུགས་མཁན་བཅས་བྱས་ཏེ། མཉམ་དུ་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་འདོད་ཡོད།
ཕུགས་འདུན་རྒྱང་ཐག་རིང་ཡང་དོན་དུ་གཉེར་ན་འགྲུབ་ཐུབ། སྨོན་འདུན་དཀའ་ཁག་ལྡན་ཡང་རྒྱུན་བསྐྱངས་ན་འགྲུབ་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་། མི་རེ་རེ་ནི་མི་སྣ་གཙོ་བོ་ཡིན་པ་དང་། འབད་བརྩོན་རེ་རེ་ནི་རྩ་ཆེ་ཞིང་གལ་ཆེ་ལ། འོད་ཟེར་རེ་རེ་ཡང་གསལ་ལམ་མེར་འཚེར་བཞིན་ཡོད།
རི་ཀླུང་ཀུན་ལ་བཀྲགས་མདངས་རྣམ་པར་རྒྱས། སྐྱིད་པའི་གཞིས་ལ་དམངས་ཕན་སྲིད་ཇུས་བསྟར། ང་ཚོས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཏེ་ལོ་གསར་པ་བསུ། མེས་རྒྱལ་ནམ་ཡང་འབྱོར་ཕྱུག་ལྡན་ཞིང་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། ཀུན་གྱི་རེ་འདུན་མ་ལུས་ལྷུན་གྱིས་འགྲུབ་ཅིང་སྤྲོ་སྣང་འཕེལ་ལ། ཡུན་རིང་བདེ་ལྡན་ཡོང་བའི་སྨོན་འདུན་ཞུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注