མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་ཟི་ལིང་དུ་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཟླ12ཚེས25ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དུ་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་། ཀྲང་ཞའོ་རུང་རྟོག་ཞིབ་ལ་ཞུགས།
མཚོ་འཕངས་ལ་སྨི2200ཡོད་པའི་མདོ་དབུས་མཐོ་སྒང་ཁམས་གསོ་ལྟེ་གནས་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་ཡོད་ཅིང་པེ་ཁྲོན་གཙང་བོའི་བརླན་སའི་སྤྱི་གླིང་གི་ཐག་ཉེ་རུ་གནས་ཡོད། རྟོག་ཞིབ་ཚན་ཆུང་ཁམས་གསོ་ཉམས་ལེན་ཁང་དང་། ཀྲུང་བོད་ལུགས་ཀྱི་སྨན་བཅོས་ལག་རྩལ་ཉམས་ལེན་ཁང་། ཁམས་གསོ་ཐོན་རྫས་འགྲེམ་འཚོང་ཁུལ་སོགས་སུ་སོང་སྟེ། ལྟེ་གནས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། དེའི་རྗེས་སུ། རྟོག་ཞིབ་ཚན་ཆུང་མཚོ་སྔོན་ཞལ་དཀར་བོད་སྨན་ཁང་གི་མདོ་བ་མཐོ་སྒང་ཁམས་གསོ་ལྟེ་གནས་རུ་སོང་བ་དང་། དེ་ནི་སྨན་བཅོས་དང་ཁམས་གསོ། བཅོས་སྐྱོང་། ཉམས་ལེན་བཅས་གཅིག་ཏུ་འདུས་ཤིང་། ཁྱད་ལྡན་གྱི་མི་རིགས་གསོ་རིག་གི་གསོ་བཅོས་བྱ་ཐབས་གཞི་གཅིག་ཏུ་བསྒྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་ལས་ཁུངས་ཤིག་རེད། གནས་དེར་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ལྟེ་གནས་འགན་ཁུར་མི་སྣའི་བསམ་ཚུལ་དང་གྲོས་གཞི་བཏོན་པར་ཉན།
དེའི་རྗེས་བཞུགས་མོལ་ཚོགས་འདུ་བསྡུས་པའི་སྟེང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་སྒྲུབ་ཁང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། ཧྭ་ཞ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས། མགོན་པོ་བཀྲ་ཤིས་ཀྱིས་སྡེ་ཁག་སོ་སོས་མཐུན་སྦྱོར་ཤུགས་བསྒྲིལ་དང་ཤུགས་ཆེན་པོས་མཐོ་སྒང་ཁམས་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ས་ཆ་སོ་སོའི་སྡེ་ཁག་སོ་སོས་མཐོང་ཆེན་ཚད་མེད་བྱས་ཏེ། རང་འགུལ་གྱིས་འགན་ནུས་བྱེད་ནུས་འདོན་སྤེལ་དང་། དངོས་དོན་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་མཐོ་སྒང་ཁམས་གསོའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་དང་། མཐོ་སྒང་ཁམས་གསོ་ལ་དམིགས་ཏེ། ཆེད་དོན་རྟོག་ཞིབ་དང་དམངས་གཙོ་ལྟ་སྐུལ། གྲོས་གཞི་སྐུལ་སྒྲུབ་སོགས་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྤེལ་དགོས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་མཚོ་སྔོན་གྱི་མཐོ་སྒང་ཁམས་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱས་ཡོད་པས། ལས་དོན་འདི་དག་གིས་མཚོ་སྔོན་གྱི་མཐོ་སྒང་ཁམས་གསོ་ཐོན་ལས་རྒྱུན་མཐུད་བདེ་ཐང་སྒོས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བླང་བྱ་གལ་ཆེན་བཏོན་པ་ལག་བསྟར་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་སྐུལ་འདེད་གཏོང་བ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་སྤྱི་ཡོངས་ཁྲོད་སྔར་ལས་གཏིང་ཟབ་སྒོས་འདྲེས་པར་དོན་སྙིང་གལ་ཆེན་ལྡན་པས། སེམས་ཞིབ་མོས་འཆར་འགོད་ཡག་པོ་དང་། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོར་བསྒྲུབ་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཐོ་སྒང་ཁམས་གསོ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱེ་དདགོས། མཚོ་སྔོན་ལ་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་དང་གནས་ཡུལ་གྱི་དགེ་མཚན་ལྡན་ཞིང་། ཆེད་ལས་སྣེ་ཁྲིད་མི་སྣ་དང་དཔུང་ཁག་ཡོད་ལ། བྱ་བའི་རྨང་གཞི་བརྟན་པོ་ཞིག་ཡོད་པས། མཐོ་སྒང་ཁམས་གསོ་ཐོན་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་ཞིང་ལས་སྒྲུབ་ཀྱི་འདུན་པ་ཆེན་པོ་ཡོད། སྲིད་གྲོས་ཀྱི་འགན་ནུས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། རྟོག་དཔྱོད་ཞིབ་འཇུག་གཏིང་ཟབ་ཏུ་བྱེད་པ་དང་། བློ་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། ཐུན་མོང་འདུ་ཤེས་གཅིག་ཏུ་བསྒྲིལ་ནས། མཐོ་སྒང་ཁམས་གསོ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注