ཅི་ཧྲི་ཧྲན་གྱི་ཚད་རིམ6.2ཀྱི་ས་ཡོམ་ལས་མཚོ་སྔོན་གནོད་ཁུལ་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བའི་ཕྱོགས་སྡོམ་ཚོགས་འདུ་བསྡུས།

ཟླ12པའི་ཚེས18ཉིན། ཅི་ཧྲི་ཧྲན་གྱི་ཚད་རིམ6.2ཀྱི་ས་ཡོམ་ལས་མཚོ་སྔོན་གནོད་ཐེབས་ཁུལ་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བའི་ཕྱོགས་སྡོམ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་ནན་མོ་བྱས་ནས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་། བློ་བརྟན་འགྱུར་མེད་སྒོས་ས་གཤིས་གནོད་འཚེར་གཡོལ་ནས་གནས་སྤོར་བ་སོགས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབས་ཏེ། ས་ཡོམ་གནོད་འཚེའི་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཅིན་ཐེན་སྡེ་བའི་ཡུལ་དངོས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ། དགུན་གཞུང་གི་མཐོ་སྒང་ལ་དངུལ་དཀར་ཁ་བས་གཡོགས་པ་དང་། ཡུལ་དངོས་སྐྱོ་ཉམས་ཀྱིས་ཁེངས་འདུག་ཅིང་། འཕྲེད་བྱང་དུ་ཅི་ཧྲི་ཧྲན་གྱི་ཚད་རིམ6.2ཀྱི་ས་ཡོམ་སྐབས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དག་ལ་མྱ་ངན་ཞུ་ཞེས་བྲིས་ཡོད།  ཆུ་ཚོད་དགུའི་སྟེང་། མྱ་ངན་ཞུ་བའི་བྱ་འགུལ་གྱི་མགོ་བརྩམས་ཤིང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས་པ་དང་། སྐར་ལྔའི་དར་དམར་རིམ་གྱིས་མཐོར་རུ་བསྒྲེངས། དེའི་རྗེས། ཚང་མ་ཡུན་རིང་ལངས་ནས་སྨྲ་བཅད་མྱང་ཞུ་བྱས་པ་དང་། གུས་ཞབས་དམག་མི་བཅུས་མེ་ཏོག་སི་ར་ཁྱེར་ནས་གྲལ་འགྲིག་པོས་བཞག་ལ། ལས་རིགས་སོ་སོའི་འཐུས་མིས་བྲང་ཁར་མེ་ཏོག་དཀར་པོ་བཏགས་ཤིང་། གོ་རིམ་བཞིན་མེ་ཏོག་ཕུལ་ནས་འདས་པོར་མྱ་ངན་ཞུས།

ཕྱོགས་སྡོམ་ཚོགས་འདུའི་སྟེང་། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐོག་མར་ས་ཡོམ་སྐབས་སུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སྨྲ་བཅད་མྱང་ཞུ་བྱས། ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཉེན་ཁ་མྱུར་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་ལས་བྱེད་མི་སྣ་ཡོངས་དང་། གནོད་རྗེས་བསྐྱར་འཛུགས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཕྱོགས་སོ་སོའི་རོགས་སྐྱོར་སྟོབས་ཤུགས་ལ་གུས་འདུད་ཚད་མེད་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བསྟན་དོན། ལོ་ངོ་གཅིག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  ཡོམ་འགོག་གནོད་སྐྱོབ་དང་གནོད་རྗེས་བསྐྱར་འཛུགས་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པ་དང་། ང་ཚོས་དེ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་གོམ་སྟབས་བརྟན་པར་བྱས། ལོ་ངོ་གཅིག་གི་རིང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ལག་བསྟར་ནན་མོ་བྱས་ཤིང་། གནོད་ཐེབས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱས་ཏེ། མང་ཚོགས་ཀྱིས་ཏང་ནི་དཀའ་ཁག་ལ་འཕྲད་སྐབས་ཆེས་བློས་འགེལ་ཆོག་པའི་རྟེན་ས་ཡིན་པ་ཚོར་དུ་བཅུག ལོ་ངོ་གཅིག་གི་རིང་། ཏང་ཡོན་ལས་བྱེད་པ9600ལས་ཡུལ་དང་པོར་བསྐྱོད་པ་དང་། མང་ཚོགས་ཀྱི་སེམས་ཀྱི་དཀའ་ངལ་དང་འཚོ་བའི་དགོས་མཁོ། འཕེལ་རྒྱས་ཀྱི་སེམས་ཁུར་བཅས་ལ་གཞིགས་ཏེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱས་པ་དང་། གུང་ཁྲང་ཏང་ཡོན་གྱི་མིང་བྱང་ལ་འགྲེལ་བཤད་བྱས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་ལག་བསྟར་བྱས། ལོ་ངོ་གཅིག་གི་རིང་། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་གནོད་རྗེས་བསྐྱར་འཛུགས་དེ་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོ་བའི་སྒྱུར་བཀོད་ལ་མཐོར་འདེགས་བཏང་ནས། སྐྱེ་ཁམས་སྔར་ལས་མཛེས་པ་དང་རྨང་གཞི་སྔར་ལས་བརྟན་པ། ཐོན་ལས་སྔར་ལས་དར་བ། སྒྲིག་བཀོད་སྔར་ལས་ལེགས་པ་བཅས་ལ་སྐུལ་འདེད་བཏང་། ལོ་ངོ་གཅིག་གི་རིང་། ཁ་གཏད་རོགས་སྐྱོར་གྱི་ཀྲུང་དབྱང་རྒྱལ་ཁབ་ཀྱི་པུའུ་ཨུད་སོ་སོ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དཀའ་བའི་དུས་སུ་རོགས་སྐྱོར་བྱས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོ་དང་ལས་རིགས་སོ་སོས་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པ་ལས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་རང་བཞིན་གང་ལེགས་སྒོས་མཚོན་པ་དང་། ཁུལ་ཁོངས་བརྒལ་བའི་མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་དཔེ་མཚོན་ལག་ལེན་དུ་གྱུར་ཡོད། ལོ་ངོ་གཅིག་གི་རིང་། གནོད་ཐེབས་མང་ཚོགས་ཀྱིས་ཡོམ་འགོག་རྒུད་སྐྱོབ་ཀྱི་དགོངས་དོན་དར་སྤེལ་བཏང་བ་དང་། བྱེད་ནུས་གཙོ་བོ་འདོན་སྤེལ་བྱས་ནས། གནོད་འཚེ་མང་པོའི་ཉམས་སད་ཐེག་ནས། རང་སྟོབས་རང་སྤེལ་དང་ཐེངས་མང་ཕམ་ཡང་ཡི་ཐད་མི་ཆད་པའི་རང་གཤིས་མངོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ལ་གསོན་ཤུགས་གསར་བ་བསྣན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མིག་སྔར། གནོད་རྗེས་བསྐྱར་འཛུགས་བྱ་བ་རྩ་བའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་བསམ་པའི་རྣམ་པ་བཟང་པོ་རྒྱུན་སྲུང་བྱས་ནས། མཇུག་བསྡུ་བའི་དུས་རིམ་གྱི་བྱ་བ་སྣ་ཚོགས་ཀྱི་རྒྱུན་ལེགས་པོར་སྐྱོང་དགོས། བཟོ་སྐྲུན་སྤུས་ཚད་ལ་གྲལ་བཤེར་ཐེངས་གཅིག་བྱས་ཏེ། བདེ་འགོད་མང་ཚོགས་སེམས་བདེ་མོས་གནས་སྤོར་བ་དང་གཞིས་ཆགས་པར་ཁག་ཐེག་བྱེད་དགོས། དུས་ལྟར་ལས་བཟོ་པའི་གླ་ཕོགས་ཁ་ཚང་སྤྲད་དེ། ལས་བཟོ་མི་སྣས་བློ་བདེ་མོས་ལོ་གསར་ཐུབ་པར་བྱེད་དགོས། ཕྱི་རོལ་ལས་བཟོ་པ་ཡུལ་ལ་ལོག་པའི་བསམ་འཆར་ལ་ཉན་ནས། གནོད་ཁུལ་མང་ཚོགས་ཀྱི་བསམ་བློའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྤྱི་ཚོགས་ཞབས་ཞུ་དང་སྡེ་ཁུལ་དོ་དམ། དམངས་ཚིས་འགན་སྲུང་། གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞི་སྐོར་གཅིག་འཆར་འགོད་བྱས་ཏེ། བདེ་འགོད་མང་ཚོགས་བརྟན་སྡོད་ཐུབ་ལ་ཕྱུག་འགྱུར་ཐུབ་པར་ཁག་ཐེག་བྱེད་དགོས། ཁ་གསབ་སྲིད་ཇུས་ཀྱི་དྲིལ་སྒྲོག་ཞིབ་མཆན་གནང་བའི་བྱ་བ་ལེགས་པོར་བསྒྲུབ་སྟེ། དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དུས་ལྟར་ཉམས་མྱོང་བྱེད་ཐབས་ཕྱོགས་སྡོམ་གསེད་བཀྲོལ་བྱས་ནས། གནོད་འགོག་གནོད་སེལ་རྒུད་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། ས་ཡོམ་གནོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་རྒྱུགས་ལེན་ཡག་པོ་ཞིག་སྤྲོད་དགོས།

ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ལོ་ངོ་གཅིག་གི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།   རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ནུས་ལྡན་འོག བསྐྱར་འཛུགས་ལས་གཞི240ཚང་མ་ཡོངས་འགྲུབ་བྱས་པ་དང་། གནོད་ཐེབས་མང་ཚོགས་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་སྡོད་གནས་གསར་བར་སྤར་ནས། མཚོ་བོད་མཐོ་སྒང་གི་ལོ་རེའི་འཆར་འགོད་ལོ་དེར་འགྲུབ་པའི་བསྐྱར་འཛུགས་ཀྱི་བྱས་རྗེས་གལ་ཆེན་ཞིག་བཞག གནོད་རྗེས་བསྐྱར་འཛུགས་དེ་གོ་སྐབས་སུ་བྱས་ནས། སྔར་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་བ་འབད་པས་བསྐྲུན་ཏེ། མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་ལ། རྨ་ཙོང་གི་ཁྱད་རྟགས་འཛོམས་པ། བསྐྱར་འཛུགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་གསར་དར་གྲོང་རྡལ་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། ས་གནས་རང་གི་ཐོན་ལས་ཀྱི་ཁྱད་ཆོས་དང་དགེ་མཚན་ལ་རྐང་བཙུགས་ཏེ། དེང་རབས་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་ཅིང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། བྱེད་ཐབས་སྣ་མང་སྤྱད་ནས་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་བར་བྱེད་དགོས།  ས་གཤིས་གནོད་འཚེར་གཡོལ་ནས་གནས་སྤོར་བར་སྐུལ་འདེད་གཏོང་བ་དང་། གནོད་ཁུལ་མང་ཚོགས་ཀྱིས་རི་འདབས་སུ་སྡེ་བ་གསར་བ་ཡོད་པ་དང་རི་མགོར་རྟེན་གཞི་ཡོད་པ། དར་སྤེལ་གཏོང་བའི་ཐོན་ལས་ཡོད་པ། བདེ་སྐྱིད་ཀྱི་རེ་བ་ཡོད་པ་བཅས་ཀྱི་འཚོ་བ་གསར་བ་རོལ་དུ་འཇུག་དགོས།  ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་དམངས་ཚིས་འགན་སྲུང་དང་བདེ་འཇགས་བརྟན་བརླིང་གི་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབ་སྟེ། གནོད་ཁུལ་མང་ཚོགས་ཀྱིས་ཁྱིམ་གཞིས་གསར་བར་ལོ་གསར་བ་བསུ་བ་དང་ལོ་སར་སྐྱིད་པོ་རོལ་ཐུབ་པར་བྱེད་དགོས།

གནོད་སྐྱོབ་བསྐྱར་འཛུགས་ལ་ཞུགས་པའི་མེ་འགོག་མེ་གསོད་བཀོད་འདོམས་པ་དང་། མཚོ་སྔོན་དུ་སྡོད་པའི་དཔོན་དམག གཞི་རིམ་ལས་བྱེད་པ། དང་བླངས་པ། ཁེ་ལས་ཀྱི་འཐུས་ཚབ་པ་དང་གནོད་ཐེབས་མང་ཚོགས་ཀྱི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་བྱ་བའི་སྙན་ཞུ་ཕུལ་བ་དང། འབྲེལ་ཡོད་སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་ཕུལ།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལཱ་ཙི་པེ་ཁི·རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་བཅས་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号