ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

 ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

 ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ནི་རྒྱ་མཚོའི་ཕར་ཚུར་གནས་པའི་ཁྱིམ་མཚེས་བཟང་པོ་ཡིན་པ་མ་ཟད། བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་འགྲོ་བའི་གྲོགས་པོ་བཟང་པོ་ཡང་ཡིན། ན་ནིང་གི་ཟླ3པར་ཁྱེད་ཀྱིས་ཙུང་ལིའི་འགན་བཞེས་རྗེས་ཀྲུང་གོར་ཐོག་དང་པོར་འཚམས་འདྲིར་ཕེབས་པ་དང་། ང་ཚོས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་ཟིན་གལ་ཆེན་བྱུང་ཡོད། ལོ་གཅིག་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་བར་བརྗེ་རེས་དང་འགྲོ་སོང་དམ་ཟབ་བྱས་ཏེ།  སྤུས་ཚད་མཐོ་བའི་སྒོ་ནས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་ཁེ་བསྐྲུན་ཡོད།      མིག་སྔར་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང“ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་ལོ”གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་འཛུགས་པར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་དང་། རང་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱས་ནས། ས་ཁུལ་གྱི་དར་རྒྱས་དང་བརྟན་བརླིང་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། མཐོ་རིམ་བར་གྱི་འགྲོ་འོང་ཟབ་མོ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ།  རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ།  ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡས་འཐབ་ཇུས་རང་བདག་རྒྱུན་འཁྱོངས་དང་།  རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་སྤེལ།  སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད། “རྒྱལ་ཁབ་གཉིས་ཀྱི་གླིང་ཁུལ་གཉིས”སོགས་ལས་གཞི་གཙོ་བོ་མཉམ་དུ་ལག་བསྟར་ཡག་པོ་བཅས་བྱས་ཏེ། གཞི་གྲངས་དཔལ་འབྱོར་དང་། མིས་བཟོས་རིག་ནུས། ནུས་ཁུངས་གསར་པ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ་དང་། དབུལ་སེལ་བརྗེ་རེས་མཉམ་ལས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། མ་ལེ་ཞི་ཡས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་མ་ལེ་ཞི་ཡའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོར་ཁྱབ་སྤེལ་བྱེད་པར་དགའ་བསུ་ཞུ།  ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་དང་མཉམ་དུ་མཐོ་རིམ་སློབ་གསོ་དང་། རིག་གནས། ཡུལ་སྐོར། ན་གཞོན། ས་གནས་སོགས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་མཛའ་མཐུན་དམངས་སེམས་སྦྲེལ་ཐག་དམ་པོར་འཛིན་འདོད་ཡོད།  དཔལ་ཡོན་སྣ་མང་མཉམ་གནས་དང་། འཆམ་མཐུན་བསྟུན་མཁས་དར་སྤེལ་བཏང་སྟེ། ཞི་བདེ་དང་། མཉམ་ལས། བསྟུན་མཁས། མཉམ་འདྲེས་བཅས་སྲོག་ཤིང་དུ་གྱུར་པའི་ཨེ་ཤ་ཡའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་དང་དབྱི་སི་ལན་གྱི་དཔལ་ཡོན་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་དུས་ཀྱི་འཛམ་གླིང་ཟང་ཟིང་དུ་གྱུར་ནས་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སུ་སླེབས་ཡོད། ཨེ་ཤ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གྱི་འཐུས་ཚབ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་འདྲིས་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་མ་ལེ་ཞི་ཡས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་པར་རྒྱབ་སྐྱོར་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གོ་གནས་གཙོ་བོ་དང་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར། ས་ཁུལ་འཕེལ་རྒྱས་མཉམ་ལས་ཀྱི་འཕེལ་ཕྱོགས་གཙོ་བོ་སྲུང་སྐྱོང་བཅས་བྱེད་དགོས།

ཨན་ཝ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་འདུ་ཤེས་གལ་ཆེན་བཏོན་པ་དང་དཔལ་ཡོན་མི་འདྲ་བར་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དར་སྤེལ་བཏང་བར་མ་ཟད།“ གསེར་གྱོམ”མཉམ་ལས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ཐད་རྩེ་གྲས་ཀྱི་དགོངས་འཆར་དང་གྲོས་གཞི་བཏོན་པ་དེས་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་བཅངས་པའི་བརྩེ་སེམས་དང་འགན་འཁྲི་ཟབ་མོ་མཚོན་ཡོད་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་འདོད་བློ་དང་བསམ་ཚུལ་ཡང་མཚོན་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་དགོངས་འཆར་དང་གྲོས་གཞིར་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། མ་ལེ་ཞི་ཡ་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བར་གཞོལ་ནས་ཆ་འཕྲིན་ལག་རྩལ་དང་། གཞི་གྲངས་དཔལ་འབྱོར། ནུས་ཁུངས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན།  མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོས་དབུལ་སེལ་ཁྱབ་ཁོངས་སུ་བླངས་པའི་ཀུན་གྱིས་བསྟོད་བསྔགས་བྱེད་འོས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་རེ་སྒུག་བྱེད་བཞིན་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ཀྱི་འདུ་ཤེས་གཅིག་པ་དང་ལངས་ཕྱོགས་འདྲ་བས།   མ་ལེ་ཞི་ཡ་ཕྱོགས་ཀྱིས་འཐབ་ཇུས་རང་བདག་རྒྱུན་འཁྱོངས་བྱས་ནས།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དང་དར་རྒྱས་སྲུང་སྐྱོང་བྱེད་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号