རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིང་དུ་འཚོགས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚེས4ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི158ཚོགས་འདུར་ཞུགས་པ་དང་ཚོགས་ཞུགས་མི་གྲངས་དེ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི། སློབ་ཞུགས་སྔོན་གྱི་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གསུམ་པའི་མ་ཡིག་ནང་རྒྱལ་ཁབ་ཀྱིས་སློབ་ཞུགས་སྔོན་གྱི་སློབ་གསོའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁྱིམ་ཚང་གི་བུ་བཙའི་སློབ་གསོའི་མ་གོང་ཇེ་དམའ་རུ་གཏོང་རྒྱུ་དང་། འབྲེལ་ཡོད་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་སྔར་ལས་ཤུགས་སྣོན་པ། སློབ་ཞུགས་སྔོན་གྱི་བྱིས་པའི་དགོས་མཁོ་དང་མཐུན་པའི་བརྩམས་ཆོས་དང་ཐོན་རྫས། ཞིབ་འཇུག་གྲུབ་འབྲས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གསར་སྤེལ་དང་ཁྱབ་བརྡལ་གཏོང་རྒྱུར་སྐུལ་ལྕག་གཏོང་བ། སློབ་ཞུགས་སྔོན་གྱི་བྱིས་པ་དང་འབྲེལ་བ་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྒོ་སྔར་ལས་ཚད་ལྡན་ཅན་དུ་བཏང་ནས། སློབ་ཞུགས་སྔོན་གྱི་བྱིས་པའི་མཚན་སྙན་དང་སྒེར་གྱི་གསང་བ། ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་སྲུང་སྐྱོབ་བྱ་རྒྱུ། བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་པའི་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་གཏོང་དགོས་པ་ཁ་གསལ་བཟོས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་གསུམ་ཐེངས་གསུམ་པའི་མ་ཡིག་ནང་རིག་དངོས་ངོས་འཛིན་ལམ་ལུགས་ཤུགས་ཆེར་བཏང་སྟེ། རིག་དངོས་སྲུང་སྐྱོབ་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། རིག་དངོས་ཉར་ཚགས་ཚན་པས་དོ་སྣང་བྱེད་པའི་འོས་འགན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་དམངས་དང་རྩ་འཛུགས་ཀྱིས་ཁྲིམས་མཐུན་ལྟར་ཉར་ཚགས་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ། དམངས་ཁྲོད་ཀྱི་ཉར་ཚགས་བྱེད་སྒོར་ཁྲིད་སྟོན་དང་དོ་དམ། ཞབས་ཞུ་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་ཁ་སྣོན་རྒྱག་རྒྱུ། རྒྱལ་ཁོངས་ལས་བརྒལ་མི་ཆོག་པའི་རིག་དངོས་ཀྱི་ཞིབ་ཕྲའི་ཁྱབ་ཁོངས་སྔར་ལས་ཁ་གསལ་བཟོ་དགོས་པ་སོགས་འདུས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧུང་ཞང་གིས་ཕུལ་བའི། གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གསུམ་པའི་མ་ཡིག་གིས་རྨང་གཞིའི་ས་གཤིས་བརྟག་དཔྱད་ལས་དོན་གྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་གཏེར་ཁའི་ཐོན་ཁུངས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནང་དོན་སྔར་ལས་ཇེ་མང་དུ་གཏོང་དགོས། གཏེར་ལས་ལ་སྤྱོད་པའི་ས་ཆའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། གཏེར་ཁའི་ཐོན་ཁུངས་སྔོག་འདོན་བྱས་པ་ལས་བྱུང་བའི་གཏེར་སྙིགས་གསོག་མཛོད་ལ་དོ་དམ་བྱེད་རྒྱུར་ཤུགས་བསྣན་ནས། བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་དགོས། གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་སོགས་འདུས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི། ནུས་ཁུངས་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གསུམ་པའི་མ་ཡིག་ནང་རྒྱལ་ཁབ་ཀྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་ཚད་གཞིའི་མ་ལག་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། གན་འཇོག་ནུས་ཁུངས་དོ་དམ་སོགས་ཁྲོམ་ར་ཅན་གྱི་ནུས་ཁུངས་གྲོན་ཆུང་ཞབས་ཞུ་ཧུར་ཐག་གིས་ཁྱབ་བརྡལ་དུ་གཏོང་དགོས་པའི་སྐོར་གྱི་གཏན་འབེབས་མང་དུ་བཏང་བ་དང་། ནུས་ཁུངས་སྤྱོད་མཁན་གྱིས“ནུས་ཁུངས་ཀྱི་དགོས་མཁོ་དང་ལེན”བྱེད་པའི་ཁྲོད་འབད་པས་ཞུགས་དགོས་པ་དང་། གཏན་འབེབས་ཁ་སྣོན་བྱས་ཏེ་ནུས་ཁུངས་སྤྱོད་མཁན་གྱིས་ནུས་ཁུངས་གྲོན་ཆུང་བྱེད་པར་སྐུལ་འདེད་དང་ནུས་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་སོགས་ལ་སྐུལ་འདེད་གཏོང་དགོས་པ་བཅས་འདུས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧོང་མེན་གྱིས་ཕུལ་བའི། བཙོག་དངུལ་གཙང་སྒྱུར་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གསུམ་པའི་མ་ཡིག་ནང་དངུལ་རྩའི་སྒྲིག་གཞིས་བཙོག་དངུལ་གཙང་སྒྱུར་གྱི་ཉེན་ཁ་དོ་དམ་བྱེད་ཐབས་སྤྱོད་རྒྱུའི་ཆ་རྐྱེན་སྔར་ལས་ཁ་གསལ་བཟོས་པ་དང་། གཏན་འབེབས་ཁ་སྣོན་བྱས་ནས་ནག་དངུལ་དག་འབུད་ལ་རྒོལ་བའི་ཆ་འཕྲིན་མཉམ་སྤྱོད་བྱེད་པར་འབྲེལ་ཡོད་ཆ་འཕྲིན་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་དགོས་ལ། ནག་དངུལ་དག་འབུད་ཀྱི་ཉེན་ཁ་སེལ་ཐབས་བྱེད་ཐབས་དེ་ཚོང་འགྲུལ་པའི་གཞི་རྩ་དང་དགོས་ངེས་ཀྱི་དངུལ་རྩའི་ཞབས་ཞུ་དང་འབྲེལ་བ་ཡོད་པའི་རིགས་ལ་དངུལ་རྩའི་སྒྲིག་གཞིས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་གཏན་འབེབས་ཁ་སྣོན་བྱེད་དགོས་པ་བཅས་འདུས་ཡོད།
ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི། ལྟ་སྐུལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་ཞིབ་བཤེར་ཐེངས་གཉིས་པའི་མ་ཡིག་ནང་ལོ་ཧྲིལ་བོའི་ལྟ་སྐུལ་ལས་དོན་འཆར་གཞིའི་འབྲེལ་ཡོད་གཏན་འབེབས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་། ལོ་རེར་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ཀྱི་ནང་དོན་ཁ་སྣོན་དང་གྲོས་ཞིབ་བྱེད་རྒྱུ། ཁྲིམས་བསྟར་ཞིབ་བཤེར་ཁྲོད་ཀྱི་ལག་ལེན་བྱེད་སྟངས་ལེགས་པོ་རྣམས་བཅའ་ཁྲིམས་ཀྱི་ནང་དུ་ཁ་གསལ་བཟོ་དགོས། ཐོ་འགོད་སྙན་འབུལ་དང་ཞིབ་བཤེར་སྦྲེལ་མཐུད་མཉམ་འགུལ་ལམ་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ཁ་སྣོན་བྱས་པ་སོགས་འདུས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་རང་ཁྱིམ་རང་བདག་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་གཏོང་བ་བཅས་ཀྱི་ཆེད་དུ། དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་ལས་དོན་ལག་ལེན་ཉམས་མྱོང་ལ་སྤྱི་སྡོམ་ནན་ཏན་བྱས་པའི་རྨང་གཞིའི་སྟེང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་ཕུལ་བའི་གྲོས་གཞི་བཏོན་ཡོད། ཨུ་ཡོན་ཀྲང་གི་ཚོགས་འདུའི་མངགས་བཅོལ་ལྟར་དུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་དེའི་སྐོར་ནས་གསལ་བཤད་བྱས།
ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་རྒྱལ་སྤྱིའི་ཐོག་མཉམ་དུ་སྤྱོད་པའི་ལམ་སྲོལ་དང་ཕན་ཚུན་མཉམ་འདྲེས་ཀྱི་འདུམ་གཅོད་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདུམ་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧོ་རུང་གིས་གསལ་བཤད་བྱས།
མཚོ་ཐོག་སྐྱེལ་འདྲེན་དང་ཚོང་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་ཐོག་ཚོང་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ་ཧོ་རུང་གིས་གསལ་བཤད་བྱས།
ཚན་རིག་ལག་རྩལ་ཁྱབ་བརྡལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཡོང་བར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་ལག་རྩལ་ཁྱབ་བརྡལ་གཏོང་དགོས་པའི་སྐོར་གྱི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་དབྱིན་ཧོ་ཅུན་གྱིས་གསལ་བཤད་བྱས།
སྲིད་གཞུང་གི་འགན་ནུས་ལ་སྔར་ལས་འགྱུར་ལྡོག་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། ཚོད་ལྟའི་ཉམས་མྱོང་སྔར་ལས་ཕྱོགས་སྡོམ་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཚོང་གཉེར་ཁོར་ཡུག་གསར་གཏོད་ཚོད་ལྟའི་གྲོང་ཁྱེར་ལ་ཚད་འཇལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་སྤྱད་ཆོག་མིན་གྱི་དབང་ཆ་སྤྲོད་དགོས་པའི་སྐོར་གྱི་གཏན་འབེབས་འཆར་ཟིན་ཐད་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་པའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལུའོ་ཝུན་གྱིས་གསལ་བཤད་བྱས།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་བརྗེ་བསྒྱུར་གསོག་ཚད་ཀྱི་ལྐོག་གྱུར་བུ་ལོན་ཇེ་མང་དུ་གཏོང་བར་གྲོས་ཞིབ་གནང་རོགས་ཞུས་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་གསལ་བཤད་བྱས། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུང་ཚའེ་ཡིས་གྲོས་གཞི་དེར་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《<སྙིགས་རོ་དང་དངོས་པོ་གཞན་དག་གིས་རྒྱ་མཚོ་ལ་སྦགས་བཙོག་བཟོ་བར་སྔོན་འགོག་བྱེད་པའི་སྤྱི་ཆིངས》1996ལོའི་གྲོས་ཆོད་ཡི་གེའི〉བཙོག་ཆུ་དང་འདམ་སྙིགས་བཟོ་བཅོས་ཡི་གེ》ལ་གྲོས་འཆམ་བྱུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་གསལ་བཤད་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་དང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལུའུ་ཞིན་ཧྲི། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཅཱ་ཧའོ། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཀྲིན་ཝུའུ་བཅས་ཀྱིས་སོ་སོར་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།
ཚོགས་ཐོག་ནས་ད་དུང་བསྐོ་འཐེན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་ཀྱང་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注