ལིས་ཆང་གིས་ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁི་ཅེ་ནུའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་བཤམ་སྟོན་ཚོགས་འདུ་སྐབས་བདུན་པར་ཞུགས་མཁན་ཧ་སག་སི་ཐན་གྱི་ཙུང་ལི་པེ་ཁི་ཅེ་ནུའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ30ལྷག་འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་བརྩེ་བཟང་བོ་དང་གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་བསྐྲུན་ཡོད། ད་ལོའི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དུ་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་འཆར་འགོད་གསར་པ་དང་བཀོད་སྒྲིག་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་མུ་མཐུད་དུ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྣེ་ཁྲིད་དུ་བྱས་ཏེ། དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་འཆར་འགོད་ཀྱི་ལམ་ཐིག་རི་མོ་ལག་བསྟར་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཚོང་དོན་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེར་གཏོང་བ། ཐོན་ནུས་དངུལ་གཏོང་མཉམ་ལས་སྲ་བརྟན་དུ་གཏོང་བ། ནུས་ཁུངས་དང་གཏེར་ཐོན་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་བསྐྲུན་པ། ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སང་ལོའི་ཧ་སག་སི་ཐན་གྱི“ཀྲུང་གོའི་ཡུལ་སྐོར་ལོའི”བྱ་བ་མཉམ་དུ་ཡག་པོ་བསྒྲུབས་ནས་རིག་གནས་དང་། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་དམངས་ཕན་ཚུན་རྒྱུས་མངའ་ཡོད་པ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཧུར་ཐག་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། འཛམ་གླིང་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
པེ་ཁི་ཅེ་ནུའོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་ཡོད། ད་ལོའི་ཟླ་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་ལེགས་འགྲུབ་སྒོས་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“འོད་སྟོང་འཕྲོ་བའི་ལོ་ངོ་སུམ་ཅུའི”འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་སྔར་ལས་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་དངུལ་གཏོང་། ཞིང་ལས། སྐྱེལ་འདྲེན། ཚན་རྩལ། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་པ། ཕན་ཚུན་གྱིས“ཡུལ་སྐོར་ལོ”གཉེར་རྒྱུ་གོ་སྐབས་སུ་བྱེད་པ་བཅས་ཀྱི་ཐོག་ནས་མི་གཞུང་བརྗེ་རེས་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཧ་སག་སི་ཐན་དུ་དངུལ་གཏོང་བྱེད་པར་ཧ་སག་སི་ཐན་གྱིས་དགའ་བསུ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་འདོད་ཡོད།
མཇལ་འཕྲད་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་གཉིས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注