ཀྲའོ་ལི་ཅི་ཡིས་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏི་དང་གྲོས་མོལ་གནང་།
ཚེས30ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་མུའུ་ཏི་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོའི་ཟླ་དགུ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙོང་ཐུང་ཞི་ཆི་ལེ་མ་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་དུས་སྐབས་སུ་ཐུག་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་གནང་ཡོད། ཁ་སང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་འབྲེལ་བ་བཙུགས་ནས་ལོ60འཁོར་བ་གོ་སྐབས་སུ་བྱས་ཏེ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ཙན་པི་ཡ་ཕྱོགས་ཀྱི《རྒྱལ་ཁབ་བརྒྱད་ཀྱི་འཕེལ་རྒྱས་འཆར་འགོད》དང་སྦྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་ཕྱོགས་མང་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཙན་པི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་སྒོས་མཉམ་དུ་འཛུགས་འདོད་ཡོད་ཅེས་བསྟན།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡའི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་དང་མཉམ་དུ་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་བརྗེ་རེས་དང་འགྲོ་འོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་ཙན་པི་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ནུས་ཤུགས་འབུལ་རྒྱུ་ཡིན། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཚད་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ཀྲུང་གོ་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ། ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱེད་པ། སྲིད་ཇུས་ཀྱི་ཆ་འཕྲིན་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཐད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ཡག་པོ་བྱེད་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཡིག་ཆ་འདོན་པ་དང་བཟོ་བཅོས་རྒྱག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གིས་ཐན་ཙན་ལྕགས་ལམ་ཁྲོམ་ར་ཅན་གྱི་སྒོ་འབྱེད་ལས་གཞིར་སེམས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ཕྱོགས་མང་སྒྲིག་གཞི་བཅོས་སྒྱུར་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གནད་དོན་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་བསྟར་བྱེད་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྩེ་ཚོགས་ལས་བཏོན་པའི་བྱ་སྤྱོད་འཆར་གཞི་དང་མཉམ་ལས་བྱ་ཐབས་གཞིར་བཟུང་ནས། འབྲེལ་ཡོད་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་སྔ་མོ་ནས་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས།
མུའུ་ཏི་ཡིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་ཙན་པི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་མཛུབ་ཁྲིད་འོག ཙན་པི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱུང་ཡོད། ཀྲུང་གོ་ནམ་ཡང་ཙན་པི་ཡ་དང་མཉམ་དུ་ཡོད་ལ་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་ཞིག་ཡིན། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད། ཙན་པི་ཡའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་མཛའ་བརྩེའི་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་མཛའ་བརྩེ་ཚན་ཆུང་གི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ། རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་ཁུལ་དུ་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། ཙན་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།
ཚའེ་ཏ་ཧྥིན་གྲོས་མོལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注