ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཟླ10པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་བྱས་པ་དང་། ཝུའེ་ལན·ཧྥུའུ་ཐི་ལ་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་སྟེང་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཀྲུང་ཨའི་འབྲེལ་བ་ཐག་གཅོད་བྱེད་བཞིན་ཡོད་ལ། ཀྲུང་ཨའི་རྒྱལ་ཁབ་གཉིས་ཀྱི་གྲུབ་འབྲས་ནི་ཕན་ཚུན་གྱི་གོ་སྐབས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་ཕན་ཚུན་འཕེལ་རྒྱས་ཀྱི་ཟླ་གྲོགས་སུ་འགྱུར་བར་བྱེད་པ་ལས་འགོག་རྐྱེན་དུ་མི་འགྱུར་བར་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་ཨ་མེ་རི་ཁའི་ཟླ་གྲོགས་དང་གྲོགས་པོ་བྱེད་འདོད་ཡོད་ལ། དེས་རྒྱལ་ཁབ་གཉིས་པོར་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་ལའང་ཕན་པ་བསྐྲུན་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་པས་ཀྲུང་གོའི་སྒོ་འབྱེད་སྔར་ལས་ཆེ་རུ་འགྲོ་སྲིད། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་གཏོད་པ། ཁྲོམ་རའི་ལེགས་ཆ་དང་ནང་མཁོའི་སྦས་ཤུགས་འདོན་སྤེལ་བཅས་བྱས་ནས་ཀྲུང་ཨའི་མཉམ་ལས་ལ་གོ་སྐབས་སྔར་ལས་མང་པོ་གཏོད་རྒྱུ་ཡིན། ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ལས་རིགས་ཁག་གི་གྲོགས་པོ་ཚོས་ཀྲུང་ཨའི་འབྲེལ་བར་མུ་མཐུད་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་པར་མ་ཟད། དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་པ་དང་། འགྲོ་འོང་མང་ཙམ་དང་བརྗེ་རེས་མང་ཙམ་བྱེད་པ། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དེ་དོན་དངོས་སུ་འགྱུར་བར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་ཐོབ་པ་དང་། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཀྱང་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号