ཝང་དབྱི་ཡིས་ཨོ་སོ་ཁྲུ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལའེ་ཞིན་ཀི་དང་ཁ་པར་གྲོས་མོལ་བྱས།

ཟླ4པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨོ་སི་ཁྲུ་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལའེ་ཞིན་ཀི་དང་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན། ཨོ་སི་ཁྲུ་རི་ཡའི་ལོ་རྒྱུས་ཀྱི་རྒྱུན་རིང་ལ་ཕྱི་འབྲེལ་སྲིད་ཇུས་བརྟན་བརླིང་ཡིན་པས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་དེ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོགས་པོའི་ངེས་གནས་རྒྱུན་འཁྱོངས་བྱས་པ་དང་། མཉམ་ལས་ཀྱི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་བརྩི་བཀུར་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་རྒྱུན་འཁྱོངས་བྱས།ཨོ་སི་ཁྲུ་རི་ཡའི་སྲིད་གཞུང་གསར་བས་མུ་མཐུད་དུ་ཀྲུང་གོར་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་མིག་སྔའི་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་འགྲན་རྩོད་ལ་ཁ་གཏད་གཅོག་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་།  ཕན་ཚུན་ཡིད་རྟོན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དོ་དམ་ཚོད་འཛིན་གྱི་འགལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་།  ཀྲུང་ཡོ་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ་དེ་གོ་སྐབས་སུ་བརྩིས་ནས། ཉམས་མྱོང་བཟང་པོ་ཕྱོགས་སྡོམ་བྱེད་པ་དང་། མཉམ་དུ་ལེགས་འགྲུབ་ཀྱི་ལོ་ངོ་ལྔ་བཅུ་གསར་དུ་མགོ་རྩོམ་འདོད་ཡོད། ཨོ་སི་ཁྲུ་རི་ཡས་མུ་མཐུད་དུ་དེའི་ཕྱོགས་ལ་བྱེད་ནུས་ལེགས་པོ་འདོན་པའི་རེ་བ་བཅངས་ཡོད།

ཝང་དབྱི་ཡིས་བསྟན་དོན། ཨ་རི་ཡིས་རྒྱལ་ཁབ་སོ་སོར་གང་འདོད་སྒོས་སྒོ་ཁྲལ་ལག་བསྟར་བྱས་པས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་གོ་རིམ་ལ་རྡུང་རྡེག་ཚབས་ཆེན་བཏང་བས། འདི་ནི་དཔེ་མཚོན་རང་བཞིན་གྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་བཙན་དབང་རིང་ལུགས་བཅས་ཀྱི་བྱེད་ཐབས་ཡིན། ཀྲུང་གོ་ནི་འགན་འཁྲི་ཁུར་བའི་རྒྱལ་ཁབ་ཡིན་པས། བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཁབ་གཙོ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་མུ་མཐུད་དུ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན། འཛམ་གླིང་དཔལ་འབྱོར་གྱི་སྲོག་ཤིང་གཙོ་བོ་གཉིས་དང་ཁྲོམ་ར་ཆེན་པོ་གཉིས་ཡིན་པའི་ངོས་ནས། ཀྲུང་ཡོ་ཡིས་རྒྱལ་སྤྱིའི་འགན་འཁྲི་ཕྲག་ཏུ་བླངས་ནས། ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས།

ལའེ་ཞིན་ཀི་ཡིས་བསྟན་དོན། ཀྲུང་གོ་ནི་ཨོ་སི་ཁྲུ་རི་ཡའི་ཨེ་ཤ་ཡར་ཡོད་པའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བླངས་ཡོད་ལ། སྦས་ཤུགས་ཆེན་པོ་ལྡན། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ཨོ་སི་ཁྲུ་རི་ཡའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་པོའི་མཉམ་ལས་འབྲེལ་བར་མཐོང་ཆེན་དང་དེ་སྔར་ལས་ཟབ་སྤེལ་བྱེད་རྒྱུར་རེ་བ་བྱས་ཡོད། ཨོ་སི་ཁྲུ་རི་ཡའི་སྲིད་གཞུང་གསར་བས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། ད་ལོ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་བརྟན་བརླིང་དང་འཛུགས་སྐྲུན་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་རེ་བ་བཅངས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་ངོས་ཀྱི་ཁེ་ཕན་དང་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོབ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号