ཨ་རིའི་སྨྱན་སྦྱོར་གྱིས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་འཆར་གཞིར་ཨ་རི་སྲིད་གཞུང་གིས་གནས་སྐབས་སུ་རྒྱབ་སྐྱོར་བྱེད་རྒྱུ་མིན་པར་བསྟན།

ཚེས16ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་སྤེལ་བའི་གནས་ཚུལ་ལྟར་ན། དུས་ཡུན་རིང་པོ་གྲོས་བསྡུར་བྱས་པ་བརྒྱུད་ཨ་རིའི་སྲིད་གཞུང་གིས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་འཆར་གཞིར་གནས་སྐབས་སུ་རྒྱབ་སྐྱོར་མི་བྱེད་པར་དབྱི་ལིང་གིས་ཉིང་རྡུལ་འཆར་གཞིར་ཚོད་འཛིན་བྱེད་དགོས་པའི་སྐོར་ནས་གྲོས་མོལ་བྱ་རྒྱུ་གདམ་ག་བྱས་པ་རེད།

《ཉིའུ་ཡའོ་སྐབས་དོན་ཚགས་པར》གྱིས་དབྱི་སི་རལ་གྱི་དམག་དོན་འཆར་གཞི་ཤེས་རྟོགས་བྱེད་མཁན་ཨ་རི་སྲིད་གཞུང་གི་དཔོན་རིགས་དང་།   ཆ་འཕྲིན་མི་སྣ་གཞན་དག་གི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ད་ལོའི་ཟླ5པར་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་རྡུང་རྡེག་བྱེད་རྩིས་ཡོད་པ་དང་། དེའི་དམིགས་ཡུལ་ནི་དབྱི་ལིང་གི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ནུས་པར་ལོ་གཅིག་དང་ཡང་ན་དེ་ལས་རིང་བའི་དུས་ཡུན་ནར་འགྱངས་བྱ་རྒྱུ་དེ་རེད། དབྱི་སི་རལ་ཕྱོགས་ཀྱིས་ཨ་རིས་འཆར་གཞི་དེ་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

གནས་ཚུལ་སྤེལ་བ་ལྟར་ན། ཡང་སྙིང་ཕྱི་འབྲེལ་གྱི་ཐབས་ལམ་སྤྱད་ནས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།  ཡང་ན་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐད་ཨ་རིའི་སྲིད་གཞུང་ནང་ཁུལ་དུ་ཟླ་བ་ཁ་ཤས་ལ་རྩོད་གླེང་བྱས་ནས། མཐར་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་དམག་དོན་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་ངོས་འཛིན་རགས་ཙམ་བྱུང་བ་རེད།  གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་ཁ་ཤས་རིང་གི་རྩོད་གླེང་དེའི་སྟེང་ནས་ཨ་རིའི་སྲིད་གཞུང་ནང་ཁུལ་གྱི་བཙན་ཤེད་ཕྱོགས་ཁག་དང་དཔོན་རིགས་གཞན་དག་བར་གྱི་མི་མཐུན་པའི་ཆ་མངོན་གསལ་དུ་སོང་ནས། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མཐར་ཕྱི་འབྲེལ་བྱེད་ཐབས་ལས་དམག་དོན་བྱ་སྤྱོད་མིན་པའི་སྟེང་ནས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུའི་གདམ་ག་བྱས་པ་རེད།

གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཟླ་སྟོད་དུ་ཐི་ལིང་ཕུའུ་ཡིས་དབྱི་སི་རལ་ལ་ཨ་རིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་བཤད་པ་རེད། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཟླ་འདིའི་ནང་ཨ་རིར་འཚམས་འདྲིབྱེད་པའི་རིང་དུ་ཐི་ལིང་ཕུའུ་ཡིས་གནས་ཚུལ་དེར་གྲོས་བསྡུར་བྱས་པ་དང་།  ཨ་རི་ཕྱོགས་ཀྱིས་གནས་ཚུལ་དེའི་ཐད་ནས་དབྱི་ལིང་དང་གྲོས་མོལ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

ཟླ4བའི་ཚེས12ཉིན་དབྱི་ལིང་དང་ཨ་རིས་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་རུ་བར་བརྒྱུད་གྲོས་མོལ་བྱས་པ་རེད། དེ་ནི2018ལོའི་ཟླ5པར་ཐི་ལིང་ཕུའུ་ཡིས་ཁོའི་འགན་འཁུར་ཡུན་དང་པོའི་ནང་ཕྱོགས་རྐྱང་པའི་ཐོག་ནས་དབྱི་ལིང་གི་ཉིང་རྡུལ་གྲོས་མཐུན་ཕྱིར་འཐེན་བྱས་རྗེས་ཨ་རི་དང་དབྱི་ལིང་གི་བར་གྱི་དངོས་གཞིའི་གྲོས་མོལ་ཐེངས་དང་པོ་དེ་རེད། གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱི་ལིང་གིས་ཟླ་འདིའི་ཚེས19ཉིན་ཨ་མན་གྱི་འདུམ་སྒྲིག་འོག་རེས་སྐོར་གཉིས་པའི་གྲོས་མོལ་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号