བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་སུ་འཇུག་པ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མཐུན་ནང་འབྲི་རྒྱུའི་ཁས་ལེན་བྱས་མེད་པའི་ཚུལ་བསྟན།
བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་ཡིས་ཚེས15ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྙོན་མེད་ཡིན་ཡང་། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་སུ་འཇུག་པ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མཐུན་ནང་འབྲི་རྒྱུའི་ཁས་ལེན་བྱས་མེད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལོའུ་ཐི་ཡིས་ཚེས15ཉིན་ཝུའུ་ཁི་ལན་ལྷོ་ཕྱོགས་ཀྱི་ཨོ་ཏི་སཱ་གྲོང་ཁྱེར་དུ་འཚམས་འདྲི་བྱས་པ་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས། ལོའུ་ཐི་ཡིས་ཙེ་ལིན་སི་ཅི་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་སྔར་བཞིན་ཝུའུ་ཁི་ལན་གྱི་ཕྱོགས་སུ་ལངས་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་བསྙོན་མེད་ཡིན་ཡང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་འཕེལ་རིམ་བསྒྱུར་མི་སྲིད། དེ་ནི་ན་ནིང་ཝ་ཧྲིན་ཐོན་ནས་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཐག་གཅོད་བྱས་པ་ཡིན་ལ། བཅོས་བསྒྱུར་ཅི་ཡང་བྱས་མེད་ཟེར།
ཡིན་ཡང་ལོའུ་ཐི་ཡིས་ད་རུང་ནན་གྱིས་བསྟན་དོན། ང་ཚོས་ཝུའུ་ཁི་ལན་ནམ་ཞིག་གི་ཉིན་ལ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་སྲིད་པར་བཤད་ཀྱང་། ང་ཚོས་དོན་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མཐུན་གྱི་ཁག་ཅིག་ཏུ་བྱེད་པར་ཁས་ལེན་བྱས་མེད་ཟེར།
ལོའུ་ཐི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འཁྲུག་རྩོད་མཚམས་བཞག་རྗེས། ནུས་པ་གང་ཡོད་ཀྱིས་ཨུ་རུ་སི་ཡིས་དུས་གཏན་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་བཙན་བཟུང་བྱེད་མི་སྲིད་པར་འགན་སྲུང་བྱེད་དགོས་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ལོའུ་ཐི་ཡིས་ཙེ་ལིན་སི་ཅི་དང་མཉམ་དུ་ཉིན་དེར་ཝུའུ་ཁི་ལན་གྱི་མཁའ་སྲུང་དགོས་མཁོ་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྱི་གྲུབ་འབྲས། བྱང་ཆིངས་རྩ་འཛུགས་དང་ཝུའུ་ཁི་ལན་གྱི་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注