དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་དེ་འདྲ་མཉམ་དང་བརྩི་འཇོག་ཡོད་པའི་རྨང་གཞིའི་སྟེང་སྤེལ་དགོས་པའི་ཚུལ་བསྟན།
དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས16ཉིན་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་དོན་དངོས་ལངས་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་། གྲོས་མོལ་དེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་སྤེལ་དགོས་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྐབས་སུ་གསར་འགོད་པར་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁ་ལས་ལངས་ཕྱོགས་མང་བོ་ཐོས་ཡོད་པ་དང་། ཐ་ན་དེ་དག་ཕན་ཚུན་ནང་འགལ་དུ་གྱུར་ཡོད་པས། གྲོས་མོལ་གྱི་འཕེལ་རིམ་ལ་ཕན་ཐོགས་གཏན་ནས་མེད། ང་ཚོས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་དོན་དངོས་ལངས་ཕྱོགས་ལ་རྒྱུས་ལོན་བྱེད་དགོས། གལ་ཏེ་ཁོ་ཚོས་འཛུགས་སྐྲུན་རང་བཞིན་ལྡན་པའི་ལངས་ཕྱོགས་བཟུང་ཡོད་ན། ཁོ་ཚོས་ཐོག་མ་ཉིད་ནས་གྲོས་མཐུན་གྱི་སྒྲོམ་གཞིའི་ཐད་ནས་གྲོས་མོལ་བྱེད་ཐུབ་ངེས་རེད་ཟེར།
གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་ཕྱོགས་ཀྱིས་བསྟུད་མར་གནོན་ཤུགས་བྱིན་པའི་ཐད་ནས་ཨ་ལཱ་ཀི་ཆི་ཡིས་བསྟན་དོན། དབྱི་ལིང་གི་ལངས་ཕྱོགས་དང་འགུལ་སྐྱོད་ཧ་ཅང་མངོན་གསལ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་བསྟུད་མར་གནོན་ཤུགས་བྱིན་ན་གྲུབ་འབྲས་བཟང་བོ་ཐོབ་མི་སྲིད་ལ། གྲོས་མོལ་དེར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ད་གཟོད་སྐུལ་འདེད་གཏོང་དགོས་ཟེར།
དབྱི་ལིང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཚེས16ཉིན་གྱི་དགོང་མོར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ནས། དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས།
གཞན་ཡང་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས16ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལིང་གི་སྐོར་ཐེངས་གཉིས་པའི་གྲོས་མོལ་དུས་ལྟར་སྤེལ་བར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་རང་གི་ནུས་པའི་ཁྱབ་ཁོངས་ནང་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注