མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་ཁོངས་མིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས15ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། གཙོ་བོ་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕེལ་རྒྱས་གནད་དོན་ལ་གྲོས་བསྡུར་བྱས། ཚོགས་ཞུགས་མཁན་གྱིས་ལང་ལོང་སྒོས་མིག་སྔའི་རྒྱལ་སྤྱིའི་ཉོ་ཚོང་གི་ཛ་དྲག་གནས་བབ་ལ་སེམས་ཁུར་བྱེད་པ་དང་། ཉོ་ཚོང་གི་འགལ་རྩོད་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་། ཁྱད་པར་དུ་དར་རྒྱས་མིན་པའི་རྒྱལ་ཁབ་ལ་ཐེབས་པའི་ཤུགས་རྐྱེན་ངན་པར་དོ་སྣ་བྱེད་པའི་ཚུལ་བསྟན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཁྲིན་ཞུའུ་ཡིས་གཏམ་བཤད་སྤེལ་ཏེ་བསྟན་དོན། མིག་སྔར་ཨ་མེ་རི་ཁས་སྒོ་ཁྲལ་བྱེད་ཐབས་གང་འདོད་དུ་སྤྱད་པས་འཛམ་གླིང་ཡོངས་སུ་ཉོ་ཚོང་གི་འཐབ་འཁྲུག་བསླངས་ཡོད་པ་དང་། ཉོ་ཚོང་གི་འཁྲུག་རྩོད་དེས་ཉིན་རེ་བཞིན་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཁེབས་ཡོད། ཨ་མེ་རི་ཁས་སྒོ་ཁྲལ་དེ་ཐལ་དྲགས་པའི་གནོན་ཤུགས་དང་སྒེར་གྱི་ཁེ་ཕན་བརྩོན་ལེན་བྱེད་པའི་མཚོན་ཆར་བྱས་ཡོད་པ་དང་། མིག་དཔེ་རང་བཞིན་ལྡན་པའི་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་གྱི་དྲག་སྤྱོད་ཡ་ང་བ་ཞིག་ཡིན་ལ། རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བར་གཏོར་བརླག་ཐེབས་ཡོད་ཟེར།
ཁྲིན་ཞུའུ་ཡིས་བསྟན་དོན། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ནི་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱི་འཛུགས་སྐྲུན་མཁན་དང་ཁེ་ཕན་མྱོང་མཁན་ཡིན། སྒོ་འབྱེད་དང་འདྲ་མཉམ། གཏན་འཇགས་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་ལམ་དེ་ཕྱོགས་སོ་སོའི་ཐུན་མོང་གི་ཁེ་ཕན་དང་འཚམ་པས། ཕྱོགས་སོ་སོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་ཤིང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཐུན་མོང་གི་འབོད་སྐུལ་བཏང་སྟེ། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་དེ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་གོ་ཕྱོགས་ཀྱི་གཏམ་བཤད་དེར་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་བྱུང་བ་དང་། རྒྱལ་ཁབ་མང་བོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཕྱོགས་གཅིག་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་ཅིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注