ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བཏང་ནས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་ཡོད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས14ཉིན་སྤྱི་སྒྲོག་སྤེལ་ཏེ་འཆར་གཞི་དེ་བཏོན་པ་དང་། ལོ་ངོ་གསུམ་གྱི་ནང་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བཏང་སྟེ་ཕཱ་ལེ་སི་ཐན་རྒྱལ་ཁབ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཡང་། རོགས་སྐྱོར་མ་དངུལ་དེ་ཕཱ་ལེ་སི་ཐན་སྲིད་གཞུང་གི་གནད་འགག་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གྲུབ་འབྲས་ལ་སྦྲེལ་ཡོད། ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས14ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་སྲིད་གཞུང་གིས་འཆར་གཞི་དེར་དགའ་བསུ་ཞུ་བཞིན་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། འཆར་གཞི་དེ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་སྲིད་གཞུང་ལ་ཐད་ཀར་དུ་ཡོ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་བཏང་སྟེ། སྤྱི་བའི་སྲིད་འཛིན་ཁྱབ་ཁོངས་ཀྱི་ཆེས་དགོས་གལ་ཆེ་བའི་ནོར་སྲིད་དགོས་མཁོ་ཐག་གཅོད་བྱེད་རྒྱུ་ཡིན་ཡང་། མ་དངུལ་དེ་ཕཱ་ལེ་སི་ཐན་གྱི་ནོར་སྲིད་རྒྱུན་མཐུད་རང་བཞིན་དང་དམངས་གཙོའི་བཅོས་སྐྱོང་། སྒེར་གཉེར་སྡེ་ཁག་གི་འཕེལ་རྒྱས། སྤྱི་བའི་རྨང་གཞིའི་སྒྲིག་ཆས་དང་ཞབས་ཞུ་སོགས་གནད་འགག་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གྲུབ་འབྲས་ལ་སྦྲེལ་རྒྱུ་རེད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ས་དཀྱིལ་མཚོ་ཁོངས་ལས་དོན་གྱི་འགན་ཁུར་བའི་ཆེད་དོན་པ་ཧྲུའུ་དབྱེ་ཁྲ་ཡིས་སྨྱན་བྱད་ལ་བསྟན་དོན། མ་དངུལ་དེ་བཅོས་བསྒྱུར་དང་མཉམ་དུ་ལག་བསྟར་བྱེད་རྒྱུ་ཡིན། ང་ཚོས་ཁོ་ཚོས་རང་སྟེང་གི་བཅོས་བསྒྱུར་བྱེད་པར་རེ་བཞིན་ཡོད། རྒྱུ་མཚན་ནི་གལ་ཏེ་བཅོས་བསྒྱུར་མ་བྱས་ན། ཁོ་ཚོར་སྟོབས་ཤུགས་འདང་ཚིམས་པ་མེད་ལ། དགོས་ངེས་ཀྱི་ཡིད་ཆེས་ཆགས་ཐབས་མེད་པས། ཚད་ལྡན་གྱི་གྲོས་མོལ་ཕྱོགས་ཁག་ཅིག་ཏུ་འགྱུར་ཐབས་མེད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྟན་དོན། གལ་ཏེ་གནས་བབ་བཟང་ན་ད་རུང་ཡོ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ས་ཡ་དྲུག་བཏང་ནས་ས་དེའི་བྱེ་བྲག་གི་ལས་གཞིར་རྒྱབ་སྐྱོར་བྱས་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་ཤར་མ། ཅཱ་ཧྲ་ས་ཁུལ་བཅས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཡོ་རོབ་གླིང་དངུལ་གཏོང་དངུལ་ཁང་བརྒྱུད་དེ་ཕཱ་ལེ་སི་ཐན་གྱི་སྒེར་གཉེར་སྡེ་ཁག་ལ་ཡོ་སྒོར་དུང་ཕྱུར་བཞིའི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས14ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་སྲིད་གཞུང་གིས་འཆར་གཞི་དེར་དགའ་བསུ་ཞུས་པ་དང་། འཆར་གཞི་དེའི་དམིགས་ཡུལ་ནི་ཕཱ་ལེ་སི་ཐན་སྲིད་གཞུང་གི་བྱ་བ་དང་འཕེལ་རྒྱས་ལས་གཞིར་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་ལ་ཤུགས་སྣོན་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་པར་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注