ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་སྲིད་ཇུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ངོ་རྒོལ་བྱས་པ།

ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་སྲིད་ཇུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ངོ་རྒོལ་བྱས་ཡོད།  མོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་སྤྱི་ཚེས7ཉིན་ཨ་རིའི25%ཡི་ངར་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་སྒོ་ཁྲལ་ལ་འདྲ་མཚུངས་ཀྱི་ཡ་ལན་སློག་པའི་སྒོ་ཁྲལ་ལག་བསྟར་བྱེད་མི་སྲིད་པ་མིན་ཞེས་བརྗོད་ཡོད་པ་དང་།  པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ཡིས་ཉིན་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་སྲིད་གཞུང་གིས་སྐུལ་འདེད་བཏང་བའི་རྒྱལ་ཁབ་མང་པོར་སྒོ་ཁྲལ་སྣོན་བསྡུ་བྱེད་པའི་སྲིད་ཇུས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་ལ་"རྨེག་མེད་རང་བཞིན་"གྱི་མཇུག་འབྲས་བཟོ་སྲིད་པ་དང་། ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྲིད། པོ་ལི་ཝེ་ཡས་ཉོ་ཚོང་སྣ་མང་ཅན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། པོ་ལི་ཝེ་ཡའི་ཐོན་རྫས་ཕྱིར་གཏོང་གྲོས་མཐུན་གསར་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་དང་འབོ་གསེར་རྒྱལ་ཁབ་ཀྱི་ཁྲོམ་ར་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཉོ་ཚོང་པུའུ་ཀྲང་གིས་ཚེས7ཉིན་ལུའུ་སེན་པའོ་རུ་ཚོགས་འདུ་འཚོགས་ནས་ཨ་རིའི་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས་པ་དང་འབྲེལ་དེར་ཁ་གཏད་གཅོག་ཐབས་ཐད་བསམ་འཆར་བརྗེ་རེས་ཀྱང་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཡིག་ཆ་ཞིག་ལས་མངོན་པར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་ནང་འདྲེན་ཚོང་ཟོག་རབ་དང་རིམ་པར་སྒོ་ཁྲལ25%བསྡུ་རྒྱུའི་གྲོས་འགོ་བཏོན་ཡོད་པ་དང་། སྒོ་ཁྲལ་འཆར་གཞི་དེ་ཟླ་5ཚེས16ཉིན་ནས་བཟུང་གོ་ཆོད་རྒྱུ་ཡིན་པ་རེད། གཞན་ཡང་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཚེས9ཉིན་ཨ་རིའི་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་རྒྱུ་ཡིན་པ་རེད། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་ཡིས་ཚེས7ཉིན་ས་གནས་རང་གི་རླངས་འཁོར་བཟོ་སྐྲུན་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གསར་བ་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར་འཚོང་མི་ཆོག་པའི་དུས་ཚོད་དེ2030ལོ་ནས2035ལོའི་བར་ཕྱིར་འགྱངས་བྱ་རྒྱུ་དང་། དབྱིན་ཇིའི་གློག་སྒུལ་སྦག་སྦག་བཟོ་མཁན་ཚོང་པའི་འབུད་གཏོང་དམིགས་ཚད་ལ་སྟབས་བསྟུན་རང་བཞིན་དེ་བས་མང་བ་སྤྲོད་རྒྱུ། སྒྲིག་འགལ་དངུལ་ཆད20%བར་ཉུང་དུ་གཏོང་རྒྱུ་སོགས་ཚུད་ཡོད། 

སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཚེས7ཉིན་ཤེས་རྟོགས་བྱུང་བར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ནང་འདྲེན་རླངས་འཁོར་གྱི་སྒོ་ཁྲལ་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པའི་རྐྱེན་གྱིས་འཇར་མན་གྱི་ཨའོ་ཏི་རླངས་འཁོར་ཀུང་སིས་ཨ་རིའི་བརྒྱུད་ཚོང་ཁང་ལ་གནས་སྐབས་རླངས་འཁོར་གསར་པ་སྤྲོད་མཚམས་འཇོག་རྒྱུའི་ཐག་བཅད་ཡོད། 

འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ཚེས7ཉིན། ཁ་ན་ཏས་ཨ་རིས་ཁ་ན་ཏའི་རླངས་འཁོར་དང་རླངས་འཁོར་ལྷུ་ལག་ལ་སྒོ་ཁྲལ25%བསྡུ་བའི་བྱེད་ཐབས་ཐད་ཨ་རི་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་བར་རྩོད་གཞིར་གྲོས་མོལ་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་དང་། རེ་ཞུ་དེ་ཉིན་དེར་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོར་སྤྲད་ཡོད། 

སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ཚེས7ཉིན་ཤེས་རྟོགས་བྱུང་བར། ཨ་རིས་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་ཤིང་ཆ་མཉེན་མོའི་ད་ཡོད་ཕམ་ཚོང་ལ་རྒོལ་བའི་དཔྱ་ཁྲལ་དང་ཁ་གསབ་ལ་རྒོལ་བའི་སྒོ་ཁྲལ་ལྡབ་གཅིག་ཡན་མཐོ་རུ་གཏོང་རྩིས་ཡོད་པ་རེད། 

ཐེ་རོན་ཕུའུ་ཡི་སྒོ་ཁྲལ་སྲིད་ཇུས་ཀྱི་དབང་གིས་ཨ་རིའི་མ་རྐང་འཛིན་ཤོག་ཆེན་པོ་གསུམ་གྱི་རྐང་དངུལ་འཛིན་ལོར་སྟོན་གྲངས་ཚེས7ཉིན་ཉོ་ཚོང་འགོ་ཚུགས་རྗེས་མུ་མཐུད་མར་ཆག་པའི་འཕེལ་ཕྱོགས་རྒྱུན་མཐུད་བྱས་ཡོད་མོད། དེའི་རྗེས་སུ་ཨ་རིའི་སྨྱན་སྦྱོར་ཚན་པ་མང་པོས་གནས་ཚུལ་སྤེལ་ཏེ། ཕོ་བྲང་དཀར་པོའི་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁའེ་ཝུན་·ཧ་སའེ་ཐེས་ཐེ་རོན་ཕུའུ་ཡིས་རྒྱལ་ཁབ་ཁག་ཅིག་ལ་ཉིན90རིང་གནས་སྐབས་སྒོ་ཁྲལ་བསྡུ་མཚམས་འཇོག་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པའི་སྐོར་བརྗོད་པར་བརྟེན། རྐང་དངུལ་འཛིན་ལོར་ཆེན་པོ་གསུམ་གྱི་རྐང་དངུལ་ཡར་འཕར་བའི་གནས་ཚུལ་ཐོན་ཡོད། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཁ་ལོ་ལིན་·ལའེ་ཝེ་ཐེས་དེའི་རྗེས་སུ་དེ་ནི་"གསར་འགྱུར་རྫུན་མ་"རེད་ཅེས་བཤད་རྗེས། ཨ་རིའི་མ་རྐང་ཡང་བསྐྱར་མར་ཆག་འགོ་ཚུགས་ཡོད། ཉིན་དེར་མ་རྐང་ཉོ་ཚོང་བྱེད་མཚམས་བཞག་པའི་བར། ཨ་རིའི་མ་རྐང་འཛིན་ཤོག་གི་སྟོན་གྲངས་ཆེན་པོ་གསུམ་ལ་འཕར་ཆག་མི་འདྲ་བའི་གནས་ཚུལ་ཐོན་ཡོད། ན་སི་ཏ་ཁེ་སྟོན་གྲངས་བརྒྱ་ཆ0.1འཕར་བ་དང་། ཕུའུ་ཨེར་ཚད་གཞི500ཡི་སྟོན་གྲངས་བརྒྱ་ཆ0.23ཆག་པ། ཏའོ་ཆུང་སིའི་སྟོན་གྲངས་བརྒྱ་ཆ0.91ཆག་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号