ཧན་ཏི་ཀྲུའུ་ཡིས་ཧན་གོའི་ཏང་ཁག་སོ་སོས་མཉམ་ལས་ལ་བརྟེན་ནས་ཉམས་ཉེན་སེལ་དགོས་པའི་འབོད་སྐུལ་བཏང་།
ཧན་གོའི་ཙུང་ཐུང་ཚབ་མ། རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲུའུ་ཡིས་ཚེས24ཉིན་ལས་འགན་སླར་གསོ་བྱས་རྗེས་རྒྱལ་དམངས་ལ་གཏམ་བཤད་སྤེལ་ཏེ། ཧན་གོའི་སྲིད་དབང་བཟུང་མེད་པའི་ཏང་ཁག་དང་སྲིད་དབང་བཟུང་བའི་ཏང་གིས་མཉམ་ལས་བྱས་ཏེ། མིག་སྔའི་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧན་ཏི་ཀྲུའུ་ཡིས་གཏམ་བཤད་སྤེལ་ཏེ། ཁྲིམས་ལྟར་ཤུགས་ཆེན་པོས་གཏན་འཇགས་ཀྱི་རྒྱལ་སྲིད་འཁོར་སྐྱོད་ལ་སྐུལ་འདེད་གཏོང་དགོས་ཟེར། ཁོས་བཤད་རྒྱུར། མིག་སྔར་ཧན་གོའི་རྒྱལ་དམངས་དག་འགལ་བ་མང་བོར་འཕྲད་ཡོད་ཀྱང་། མི་ཚང་མས་རྒྱལ་ཁབ་མུ་མཐུད་དུ་དར་རྒྱས་འཕེལ་རྒྱས་སུ་འགྲོ་བར་རེ་བཞིན་ཡོད། སྲིད་དབང་བཟུང་མེད་པའི་ཏང་དང་སྲིད་གཞུང་གིས་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས་ལ། ངས་སྔོན་ལ་འགུལ་སྐྱོད་སྤེལ་དགོས་ཟེར།
ཧན་ཏི་ཀྲུའུ་ཡིས་ད་རུང་བསྟན་དོན། རྒྱལ་སྲིད་འཁོར་སྐྱོད་ཁྲོད་ཐག་གཅོད་བྱས་མེད་པའི་གནད་དོན་གལ་ཆེན་རེ་འགར་དམིགས་ནས། ཏང་ཁག་བརྒལ་བའི་མཉམ་ལས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། ཁོས་ནུས་པ་གང་ཡོད་ཀྱིས་གཏན་འཇགས་ཡོང་བར་བྱས་ཏེ་མྱུར་དུ་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས24ཉིན་གྱི་སྔ་དྲོར་ལས་འགན་མཚམས་བཞག་པའི་རྒྱལ་སྲིད་ཙུང་ལི་ཧན་ཏི་ཀྲུའུ་ལ་སྐྱོན་འཛུགས་བྱེད་པའི་གྱོད་དོན་ལ་ཁྲིམས་ཐག་གཅོད་བྱས་པ་དང་། ཁོའི་སྐྱོན་འཛུགས་མེད་པར་བཟོས་པས། ཧན་ཏི་ཀྲུའུ་ཡི་རྒྱལ་སྲིད་ཙུང་ལིའི་ལས་འགན་སླར་གསོ་བྱས་པ་དང་། ཙུང་ཐུང་གི་འགན་དབང་ཚབ་བསྒྲུབ་བྱེད་དགོས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注