ཙེ་ལིན་སི་ཅི་ཡིས་སོ་ཏི་ཨ་རབ་ཏུ་འཐུས་མི་མངག་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས20ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལུའུ་ནས་བསྟན་དོན། ཝུའུ་ཁི་ལན་གྱིས་ཚེས24ཉིན་སོ་ཏི་ཨ་རབ་ཏུ་འཐུས་མི་མངག་ནས། ཨ་མེ་རི་ཁའི་འཐུས་མི་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་ཡིས་ཉིན་དེར་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཙེ་ལིན་སི་ཅི་ལ་ཐུག་འཕྲད་བྱས། ཙེ་ལིན་སི་ཅི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སི། ཨ་མེ་རི་ཁ་བཅས་ཀྱི་འཐུས་མི་ཚེས24ཉིན་སོ་ཏི་ཨ་རབ་ཏུ་སོང་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་མིས་སོ་སོར་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཨུ་རུ་སི་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་འབྱུང་སྲིད་པར་འདོད་མེད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡང་དག་པའི་ཕྱོགས་སུ་འབད་བཞིན་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་སྔོན་ན་མཚོ་ཐོག་དང་བར་སྣང་གི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།
སི་ཐི་ལེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱིས་གྲོས་མོལ་བྱེད་སྐབས་ངེས་པར་དུ་སྐད་ཆ་བཤད་དབང་ཡོད་དགོས་པ་དང་། ཝུའུ་ཁི་ལན་གྱི་མ་འོངས་པར་གྲོས་བསྡུར་བྱེད་སྐབས་ཡོ་རོབ་གླིང་གི་འབོད་སྐད་དེ་གལ་འགངས་ཧ་ཅང་ཆེ་ཟེར།