དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་སི་རི་ཡ་རུ་དམག་དོན་མིན་པའི་འགོག་སྲུང་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཚེས10ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ད་ཡོད་ཀྱི་དབྱི་སི་རལ་དང་སི་རི་ཡའི་དམག་དོན་ལྷོད་གཏོང་ཁུལ་གྱི་སི་རི་ཡའི་ཕྱོགས་ཤིག་ཏུ་དམག་དོན་མིན་པའི་འགོག་སྲུང་ཁུལ་ཞིག་འཛུགས་བཞིན་ཡོད་ཅིང་། དབྱི་སི་རལ་གྱིས་དགྲར་འཛིན་སྟོབས་ཤུགས་བཀག་འགོག་བྱས་ཏེ་དབྱི་སི་རལ་གྱི་ཉེ་སར་བཅར་འདོད་ཡིན་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་གསར་འགྱུར་ལྟར་ན། ཉིན་དེར་ཁཱ་ཚི་ཡིས་དབྱི་སི་རལ་གྱི་བྱང་ཕྱོགས་གྲོང་ཁྱེར་ཧའེ་ཧྥ་ཡི་དམག་དོན་རྟེན་གཞིའི་སྐོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་འགོག་སྲུང་ཁུལ་འཛུགས་རྒྱུ་ཡིན་པ་གསལ་སྟོན་བྱས་ཤིང་། ས་ཁུལ་དེར་མཚོན་ཆ་དང་དྲག་ཤུགས་ཀྱི་འཇིགས་སྐུལ་མེད་ལ། དབྱི་སི་རལ་དམག་དཔུང་གི་རྒྱུན་སྡོད་ཁུལ་ཡང་མེད་ཟེར།

ཁཱ་ཚི་ཡིས་ས་ཁུལ་དེའི་ས་ཁམས་དབྱེ་མཚམས་དང་དབྱི་སི་རལ་གྱིས་འགུལ་སྐྱོད་གང་རུང་སྤེལ་བའི་ཞིབ་ཆ་གསལ་བོར་འདོན་སྤྲོད་བྱས་མེད། ཁོས་བཤད་ན། དབྱི་སི་རལ་གྱི་དམག་དཔུང་གིས་ད་ལྟ་དམག་དོན་ལྷོད་གཏོང་ཁུལ་དང་འཐབ་ཇུས་ས་ཁུལ་གྱི་བཀོད་སྒྲིག་ལེགས་འགྲུབ་བྱེད་བཞིན་པའི་སྒང་ཡིན་ལ། དེ་ནི་ཀི་ལན་མཐོ་ས་དང་དབྱི་སི་རལ་གྱི་སྤྱི་དམངས་ལ་སྲུང་སྐྱོང་བྱེད་ཆེད་ཡིན་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས10ཉིན་ཨ་རབ་སྐད་ཀྱིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། སྨྱན་བྱད་ཁ་ཤས་ཀྱིས་སྒྲོག་བཞིན་པའི་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་ད་ལྟ་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀི་དང་ཉེ་བར་བཅར་བཞིན་པའི་གསར་འགྱུར་དེ་དོན་དངོས་དང་ཡོངས་སུ་མི་མཐུན་པའི་ཚུལ་བསྟན་ཞིང་། མིག་སྔར་དབྱི་སི་རལ་གྱི་དམག་དཔུང་སྔར་བཞིན་དམག་དོན་ལྷོད་གཏོང་ཁུལ་དུ་བཅའ་སྡོད་བྱས་ཡོད་ཟེར།

ཀི་ལན་མཐོ་ས་ནི་སི་རི་ཡའི་ལྷོ་ནུབ་ཕྱོགས་ཀྱི་འགག་ལམ་རིང་མོ་ཞིག་ཡིན་ཞིང་། དབྱི་སི་རལ་གྱིས1967ལོའི་ཐེངས་གསུམ་པའི་དབུས་ཤར་དམག་འཁྲུག་ཁྲོད་ཀི་ལན་མཐོ་སའི་ས་ཁུལ་ཁ་ཤས་བདག་འཛིན་བྱས་པར་མ་ཟད། 1981ལོར་བདག་བཟུང་ས་ཁོངས་ཡོངས་གཅིག་གྱུར་བྱས་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་ས་ཁུལ་དེའི་བདག་དབང་དང་ལེན་མི་བྱེད། 1974ལོར་དབྱི་སི་རལ་དང་སི་རི་ཡའི་བར་བཞག་པའི་འབྲེལ་འདྲིས་མི་བྱེད་པའི་གྲོས་ཆོད་ལྟར་ན། དབྱི་སི་རལ་དང་སི་རི་ཡ་ཕྱོགས་གཉིས་ཀྱིས་ཀི་ལན་མཐོ་སའི་ཤར་ཕྱོགས་ཀྱི་གནས་ཤིག་ཏུ་དམག་དོན་ལྷོད་གཏོང་ཁུལ་བཙུགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་འདྲིས་མི་བྱེད་པའི་ཞིབ་བཤེར་མཁན་དཔུང་ཁག་གིས་ལྷོད་གཏོང་ཁུལ་དུ་འགུལ་སྐྱོད་བྱ་བ་སྤེལ་ནས། དབྱི་སི་རལ་དང་སི་རི་ཡའི་དམག་འཁྲུག་མཚམས་འཇོག་པར་རྒྱུན་མཐུད་ལྟ་སྐུལ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号