སི་རི་ཡའི་ཙུང་ཐུང་གིས་སི་རི་ཡས་ཐལ་སྤྱོད་རྩ་འཛུགས་ལ་རྡུང་རྡེག་མཐའ་འཁྱོལ་གཏོང་རྒྱུ་ཡིན་ཟེར།

སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་ཡིས་ཟླ12ཚེས1ཉིན་བཤད་རྒྱུར། སི་རི་ཡས་ནུས་ཤུགས་ཡོད་ཚད་བཏོན་ཏེ། མངའ་ཁོངས་ནང་ཁུལ་གྱི་ཐལ་སྤྱོད་རྩ་འཛུགས་ཡོད་ཚད་ལ་རྡུང་རྡེག་མཐའ་འཁྱོལ་གཏོང་རྒྱུ་ཡིན་ཞེས་བཤད།

སི་རི་ཡ་རྒྱལ་ཁབ་འཕྲིན་གཏོང་ཁང་གི་གསར་འགྱུར་ལྟར་ན། པ་ཧྲ་ཨར་གྱིས་ཉིན་དེར་རྒྱལ་ས་ཏ་མ་ཧྲི་ཀི་རུ་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལ་ཀི་ཆི་དང་ཐུག་འཕྲད་བྱེད་སྐབས། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་གཞི་མེད་པར་གཏོང་བ། འཇིགས་སྐུལ་རིང་ལུགས་ཀྱི་འབྱུང་རྩ་གཅོད་པའི་ལས་དོན་སྤེལ་ན་སི་རི་ཡ་ལ་ཕན་པར་མ་ཟད། ས་གནས་རྒྱལ་ཁབ་དང་ས་ཁུལ་ཧྲིལ་བོའི་བརྟན་འཇགས་དང་བདེ་འཇགས་ལ་ཕན་ཐོགས་ཡོད། ཕྱི་རྒྱལ་གྱིས་རྒྱབ་སྐྱོབ་བྱེད་པའི་འཇིགས་སྐུལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་སྐབས་མནའ་འབྲེལ་གྲོགས་པོ་དང་མཛའ་འབྲེལ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན་ཟེར།

ཨ་ལ་ཀི་ཆི་ཡིས་ཐུག་འཕྲད་སྐབས་སུ། དབྱི་ལིང་གིས་བློ་རྩ་བརྟན་པོས་སི་རི་ཡ་དང་དཔུང་བ་མཉམ་གཤིབ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ལ། འདིའི་སྐོར་ནས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་སྣ་ཚོགས་འདོན་སྤྲོད་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས་ཤིང་། ཁོས་སི་རི་ཡས་འཇིགས་སྐུལ་རིང་ལུགས་དང་དེའི་རྒྱབ་སྐྱོར་མཁན་གྱི་འགྲན་རྒོལ་ལས་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་བཅངས་ཡོད་ཟེར།

སི་རི་ཡའི་དམག་ཕྱོགས་ཀྱི་ཟླ12ཚེས1ཉིན་གྱི་དགོང་མོར་བཤད་རྒྱུར། སྲིད་གཞུང་དམག་གི་དཔུང་སྣོན་དམག་དཔུང་དབུས་ཕྱོགས་ཀྱི་ཧཱ་མ་ཞིང་ཆེན་བྱང་ཕྱོགས་ས་ཆར་ཐོན་ཡོད་ཟེར། ཉིན་དེའི་སྔ་ཙམ་ལ།  སི་རི་ཡའི་དམག་ཕྱོགས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར། སི་རི་ཡའི་སྲིད་གཞུང་དམག་གིས་ཟླ11པའི་ཚེས30ཉིན་གྱི་དགོང་མོར་དབུས་ཕྱོགས་ཀྱི་ཧཱ་མ་ཞིང་ཆེན་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཤུག་འགོག་རྒོལ་བྱས་ཏེ། ཐལ་སྤྱོད་མི་སྣ་བཅུ་ཕྲག་འགའ་བསད་ཟེར། སྲིད་གཞུང་དམག་གིས་ཧཱ་མ་ཞིང་ཆེན་བྱང་ཕྱོགས་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་ཐད་ཤུགས་སྣོན་བྱས་པར་མ་ཟད། ས་ཁུལ་དེའི་གྲོང་རྡལ་ཁ་ཤས་ཡང་བསྐྱར་ཚོད་འཛིན་བྱས་ཡོད་ཟེར།

ཟླ11ཚེས27ཉིན་ནས་བཟུང་། སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས། ཐལ་སྤྱོད་རྩ་འཛུགས་བཅས་ཀྱི་བར་སི་རི་ཡའི་བྱང་ཕྱོགས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་འཐབ་འཁྲུག་བྱུང་བ་རེད། སི་རི་ཡ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ12ཚེས1ཉིན་གསར་འགྱུར་བཀོད་དེ། སྲིད་གཞུང་དམག་གིས་འདས་པའི་ཉིན་གསུམ་གྱི་རིང་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ངོ་རྒོལ་ཕྱོགས་ཁག་དྲག་ཤུགས་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་སྟོང་ཕྲག་ཙམ་བསད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号