ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བཞིའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས21ཉིན་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་དུང་ཕྱུར་བཞིའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཨོ་སི་ཏེན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆའི་གསལ་ཁྲ་ལྟར་ན། ཐེངས་འདིའི་དམག་དོན་རོགས་སྐྱོར་ལ་ཧེ་མཱ་སི་ཞེས་པའི་སྦུག་མང་མེ་ཤུགས་འཕུར་མདའི་མ་ལག་ལ་འཚམ་པའི་མདེལ་དང་མེ་སྒྱོགས། སྒྱོགས་མདེལ། ཁྲབ་ལྡན་འཁོར་ལོ། ཐན་ཁི་འཁོར་ལོར་རྒོལ་བའི་མཚོན་ཆ་སོགས་འདུས། ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་དེ་ཙུང་ཐུང་པེད་ཏིན་གྱིས་ཙུང་ཐུང་གི་སྲིད་འཛིན་དབང་ཆ་སྤྱད་དེ་ཐད་ཀར་དུ་ཆོག་མཆན་བཀོད་པ་ཡིན་ལ། འབྲེལ་ཡོད་ཀྱི་མཚོན་ཆ་དག་རྒྱལ་སྲུང་པུའུ་ཡི་མཛོད་ཁང་ནས་ལེན་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས21ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། 2022ལོའི་ཟླ2པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། པེད་ཏིན་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་དགུ་དུང་ཕྱུར་ལྔ་ལྷག་གི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱས་ཟེར། སྤྱི་སྒྲོག་ལས་བཤད་རྒྱུར། དེ་ནི་ཨོ་སི་ཏེན་གྱིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་བའི་ཚུན་ལ་ཐེངས་བཞི་བར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད་ཟེར། ཁོས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་གྱི་བདེ་འཇགས་དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས21ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་ཅི་ཧྥུའུ་ནས་ཨོ་སི་ཏེན་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་མཚོན་ཆ་བཀོལ་ནས་ཨུ་རུ་སིའི་དམག་དོན་དམིགས་འབེན་ལ་རྒྱང་རིང་ནས་ཆམ་ཕབ་གཏོང་བ་དང་། མི་མེད་གནམ་གྲུ་དང་འཕུར་མདའ། སྒྱོགགས་མདེལ། མཁའ་སྲུང་མ་ལག་གི་ཐོན་ནུས་རྒྱ་བསྐྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་ད་རུང་ཨོ་སི་ཏེན་ལ་ཝུའུ་ཁི་ལན་ཕྱོགས་ཀྱི་རྒྱལ་ཁའི་འཆར་གཞི་དང་དགུན་བརྒལ་བའི་གྲ་སྒྲིག་བྱ་བ། མཁའ་སྲུང་ནུས་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号