གསེར་པའི་ཉི་འབུམ་དར་ཡག་གིས་བླངས་པའི་གླུ།
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་མཆོད་ཅིག་དགུང་སྔོན་ཕོ་བྲང་ནས། །
ཚངས་པ་ལྷ་ཡི་སྡེ་ཚོགས་མཆོད། །
མར་མཆོད་མཚོ་ཀླུང་སྔོན་མོ་ནས། །
ནཱ་ག་ཀླུ་ཡི་སྡེ་ཚོགས་མཆོད། །
མཆོད་ཅིག་གསས་མཁར་འབར་བ་ནས། །
གཉན་སྟག་དམག་གི་དགྲ་ལྷ་མཆོད། །
མཆོད་ཅིག་ཤེལ་གྱི་སྐུ་མཁར་ནས། །
དཔའ་སང་འོད་ཀྱི་རྒྱལ་པོ་མཆོད། །
དེ་རིང་དགྲ་སྲོག་རྩད་ནས་ཆོད། །
གསེར་འབུམ་ང་ལ་སྡོངས་གྲོགས་མཛོད། །
ས་འདིའི་ས་ངོ་མ་ཤེས་ན། །
ཨ་ཕྱི་དུག་ཐང་ནག་པོ་རེད། །
ཧོར་འབུམ་དམག་ཁྲ་བོའི་དཔུང་རྩ་རེད། །
ང་དང་ང་ངོ་མ་ཤེས་ན། །
གླིང་གེ་སར་ཨ་སྔོན་ཚུལ་དུ་བཞུགས། །
ཉི་འབུམ་འཛམ་གླིང་འོད་ཀྱིས་ཁྱབ། །
ཞལ་དཀར་དུང་ཟླས་མུན་པ་སེལ། །
དེ་མིན་འཛམ་གླིང་བོད་ལ་མེད། །
ཕོ་ལོ་བཅོ་ལྔའི་གོང་བ་གནོན། །
རྩལ་མེད་ཀྱང་གེ་སར་རུས་མཐུན་ཡིན། །
དཔའ་མེད་ཀྱང་རྒྱ་ཚའི་ཨ་ནུ་ཡིན། །
དཔུང་མེད་ཀྱང་གསེར་པའི་དཔོན་པོ་ཡིན། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
རི་བོ་མཐོན་པོའི་རྒྱན་ཆ་དེ། །
སྲིད་པའི་གངས་རི་དཀར་པོ་ཡིན། །
ཨ་སྔོན་ཡངས་པའི་རྒྱན་ཆ་དེ། །
ལྷོ་ཕྱོགས་རྒྱ་མཚོའི་རང་འོད་ཡིན། །
དོག་མོ་ས་ཡི་རྒྱན་ཆ་དེ། །
བར་སྣང་ལྷ་ཆར་བསིལ་མ་ཡིན། །
གླིང་དཀར་དཔའ་བརྟུལ་རྒྱན་ཆ་དེ། །
ཧོར་སེར་འབུམ་དམག་ཁྲ་མོ་ཡིན། །
རྒྱན་རྟགས་མི་མགོའི་འཕྲེང་ལ་བརྒྱུས། །
རྨ་ཆུ་ཧོར་ཁྲག་དམར་ལ་དྲངས། །
རྨ་ཉིན་ཁུགས་པ་ཧོ་རོས་ཁེངས། །
བྱ་རྒོད་དམར་ལ་གཟུར་འགྲོས་བྱེད། །
སྤྱང་ཐོང་ཤ་ལ་ཞེན་པ་ལོག །
ཧོར་སྒར་ཤན་པའི་གཞི་དཀྱིལ་ན། །
སྡིག་ཅན་རྣམ་ཤེས་བུ་ཡུག་འཚུབས། །
གུར་དཀར་སྟག་ཞུ་རྒྱལ་པོ་ཁྱོད། །
སྙིང་ཚིམ་བསམ་ཨེ་བྱུང་ཡ་རྩེའི་བུ། །
ངས་དེ་རིང་ཉི་མའི་གདོང་གང་ལ། །
མདུན་ལངས་གུར་སེར་རྒྱལ་པོ་ཁྱོད། །
སྤྱི་ཡི་ནང་ནས་སྒེར་དགྲ་རེད། །
བཀོད་ཐང་ཐོད་པའི་རི་མོ་བྲིས། །
གོན་གསུམ་ཕན་ལ་གཏོང་རྒྱུ་མིན། །
འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། །
སྤྲིན་ནག་ཕག་གི་སེར་བ་འདིས། །
འབྲས་སྙེ་མ་འབུར་ལ་གཏོང་བ་མིན། །
སྐར་ཚོགས་ཕག་གི་བ་མོ་འདིས། །
སྔོ་ལྗང་གསོན་ལ་གཏོང་བ་མིན། །
རི་བཙན་ཕག་གི་སྤྱང་ཆུང་འདིས། །
ལུག་གཡང་དཀར་གསོན་ལ་གཏོང་བ་མིན། །
དམར་མོ་མེ་ཡི་འུར་སྒྲ་འདིས། །
ཤིང་ཁྲ་མ་གསོན་ལ་གཏོང་བ་མིན། །
འཆི་བདག་བདུད་ཀྱི་དམག་དཔུང་འདིས། །
དབུ་ནག་སོན་ལ་གཏོང་བ་མིན། །
ང་ཉི་འབུམ་དུག་གི་སྤུ་གྲི་འདིས། །
གུར་སེར་གསོན་ལ་གཏོང་བ་མིན། །
ལས་དམག་གསེར་འཕྲུའི་དཔུང་བ་འདིས། །
ཧོར་སེར་ཡན་པོར་གཏོང་བ་མིན། །
ད་ལྟ་ཉི་མ་རྩེ་ཤར་རེད། །
དང་པོ་རྟིང་མ་མདའ་ལ་འགྲན། །
ཉག་ཕྲན་འཇག་སྐྱ་ཡར་ཡར་གྱིས། །
དེ་ནས་བ་དན་མདུང་ལ་འགྲན། །
བ་དན་མེ་སྟག་འཚུབ་འཚུབ་གྱིས། །
དེ་ནས་སྔོན་མོ་མཚོན་ལ་འགྲན། །
རལ་གྲི་འཁོར་ལོ་སྐོར་སྐོར་གྱིས། །
ཉི་མ་དམར་ཐག་མ་ཆོད་བར། །
རྟིང་མའི་དཔུང་བ་གཅོད་རྒྱུ་མིན། །
ཁྱེད་འཕྲུ་སེར་ཁྲི་ཚོ་བདུན་པོ་འདི། །
ཉི་མའི་དཔུང་བ་གཅོད་རྒྱུ་མིན། །
ཉི་མའི་གདུགས་ཀྱིས་འཁྱོལ་བས་ན། །
ས་རུབ་མུན་དང་མ་ཐུག་ན། །
མི་གཅིག་ཀྱང་གསོན་ལ་གཏོང་ཟེར་ན། །
ཁྱི་ནག་པོའི་འོག་གི་ཉི་འབུམ་ཡིན། །
ཨ་ནུ་སྣང་ངུའི་རུས་ལན་གཅིག །
དཔའ་བརྟུལ་ཤེད་ཆེན་ཤ་ལན་གཉིས། །
གཟིག་འཕེན་ཤོར་བའི་ཡང་ལན་གསུམ། །
དུས་གཅིག་མ་གྲུབ་ཝ་དང་འདྲ། །
འདོ་བ་རྟ་ཡི་རྒྱུག་ཞོར་ལ། །
སྤང་དཀར་མེ་ཏོག་འཐུ་ལེ་རེད། །
ཁོ་རེ་སེར་པོ་འཕྲུ་སེར་དཔུང་། །
དེ་རིང་ཕྱི་ནུར་མ་བྱེད་པར། །
ཧོར་དུ་བསད་དཔུང་བའི་རྒྱན་ལ་ལོངས། །
རྟ་འདོ་བ་དུ་ལོན་ནོམ་པ་གྱིས། །
གཏམ་རྒྱུད་གླེང་རིན་ཆོག་པ་གྱིས། །
དེ་ནས་གུར་སེར་རྒྱལ་པོ་ཉོན། །
ལག་གི་མདའ་མོ་གསེར་ལྟོང་མ། །
གེ་སར་རྒྱལ་པོའི་ཕྱག་མདའ་ཡིན། །
གླིང་འབུམ་པའི་རྒྱ་ཚ་ཞ་ལུ་དང་། །
ང་ཉི་འབུམ་ལག་ན་བདུན་རེ་ཡོད། །
དེ་རིང་མི་འཕེན་ཀ་མེད་རེད། །
གཞུ་མི་འགུགས་བྲག་དཀར་འདོམ་ལ་འཇལ། །
རྭ་གཞུ་བཀུག་ན་དཔའ་བོ་མིན། །
མདའ་མི་འཕེན་གནམ་ལྕགས་ཁ་ལོ་བསྒྱུར། །
སྨྱུག་མདའ་འཕངས་ན་རྒོད་པོ་མིན། །
དགྲ་གཅིག་དང་གཉིས་ལ་མང་ཉུང་མེད། །
མདའ་སྣེ་གུར་སེར་ཁྱོད་ལ་གཏད། །
འཕྲུ་སེར་གང་ཟིན་མང་ཉུང་མེད། །
འཕྲུ་སེར་གང་ཟིན་མ་བསྒྲིལ་ན། །
ང་ལྡོང་གི་བུ་རྒྱུད་མིན་པའི་རྟགས། །
གཞུ་ཡར་འཁྱོག་དཀར་པོ་ལྷ་ཡིས་འཚོས། །
མར་འཁྱོག་མ་དྲོས་ཀླུ་ལ་བཅོལ། །
འཆང་བཟུང་སྐུ་ལྷ་གཉན་གྱིས་ཟུངས། །
མདའ་སྣེ་དགྲ་ལྷ་གཉན་པོས་ཁྲིད། །
ཐོག་མར་གློག་ལྕེ་ཁྲིད་ཁྲིད་མཛོད། །
གུར་དཀར་བྱས་ཀྱང་གུར་སེར་རེད། །
གཡོན་རུ་དམག་གི་དྭངས་རྩེ་རེད། །
ཁོ་ས་ནག་སྟེང་ལ་མགོ་མཇུག་སྒྱུར། །
རྣམ་ཤེས་དག་པའི་ཞིང་དུ་དྲོངས། །
ཤ་ཁྲག་དགྲ་ལྷའི་དཔའ་ཟས་མཛོད། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འབྲེལ་བ་ཞུ། །
གུར་སེར་པོའི་ཡིད་ལ་དེ་ལྟར་ཞོག །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注