ལྷ་སྲས་ཇོ་རུ་རྒྱལ་པོའི་སྐུ་བརྙན་གྱི་བཞེང་གཞི།
སྨིན་དབུས་པོ།
---གསེར་རྟ་སྙན་ལུང་དགོན་གྱི་སྤྲུལ་སྐུ་མཚོ་བྱུང་བཞད་པ་ལགས་ཀྱིས་གླིང་མཁར་གསར་བཞེང་པའི་རྒྱུ་ཆར་བྲིས་པ།
སྐྱ་ཐིག་འདེབས་མཁན་གླིང་གེ་སར་ལྷ་རིས་པ་ལེགས་སྨོན།
རིགས་གསུམ་སྒྱུ་འཕྲུལ་པདྨའི་ཐུགས་ཀྱི་སྲས། །
ཐོས་པ་དགའ་བ་ལྷ་ཀླུ་གཉན་གྱི་སྲས། །
ལྡོང་རིགས་གླིང་གི་སེང་བློན་རྒྱལ་པོའི་སྲས། །
སྦས་པའི་ཚུལ་འཛིན་ལྷ་སྲས་ཇོ་རུ་རྒྱལ། །
དེ་ཡང་གླིང་གེ་སར་སྐྱེས་བུ་གངས་ལྗོངས་སུ་སྐུ་འཁྲུངས་ཏེ་རེ་ཞིག་ལྷ་སྲས་ཇོ་རུ་ཞེས་སྐུ་སྦས་པའི་ཚུལ་ཏུ་བཞུགས་པའི་དུས་ཀྱི་སྐུ་བརྙན་བཞེངས་པར་བྱེད་པ་ལ། གཞོན་ནུ་ལོ་བརྒྱད་ཞི་མ་ཁྲོས་པའི་ཉམས་ལྡན། གཡུ་སྨིན་དང་གཡུ་ ཡི་དབུ་སྐྲ་སྐུ་རྒྱབ་ཏུ་རླུང་གིས་བསྐྱོད་པ། རྒོ་ཕོའི་ར་འཕྱར་གྱི་གཙུག་ཞུ་དང་། སྐུ་ལུས་བེའུ་སློག་མཐའ་གྱོང་རྩིད་སླས་ཀྱི་སྐུ་རགས་བཅིངས་ཤིང་སྐུ་སྟོད་གཅེར་བུ་ཕུ་ཐུང་སྐུ་སྐེད་ཀྱི་མདུན་དུ་མདུད་པ། ཞབས་རྐང་རྟ་ལྷམ་དམར་པོ་སྤུ་ལྡན་རྩྭ་ཐིག་གི་ལྷམ་སྒྲོག་ཅན། ཕྱག་གཡས་དགྲ་བླའི་གོ་མཚོན་གྱི་གཙོ་བོ་འུར་ཁྲ་ཐུང་ཕ་བོང་སྟོང་འཁོར་ཀླད་ལ་བསྐོར་བ། ཕྱག་གཡོན་པས་ལྕང་དཀར་བེར་ཀ་ཆིབས་ཀྱི་ཚུལ་ཏུ་གར་སྟབས་ཀྱི་བཅིབས་པ་ཤིན་ཏུ་བརྗིད་བག་མཛེས་གསུམ་གྱི་ཉམས་ལྡན་མཇལ་བ་ཙམ་གྱི་སྣང་བ་གནས་འགྱུར་གྱི་གཟི་བྱིན་དང་མཁྱེན་ནུས་གསུམ་གྱི་མངོན་རྟགས་གསལ་བ་ཞིག་བཞེང་དགོས་སོ། ། དེའི་དབུ་གཙུག་ཏུ་རིགས་བདག་གུ་རུ་མཚོ་སྐྱེས་རྡོ་རྗེ་བཞེངས་པ། སྐུ་ཆས་དབུ་ཞྭ་ཕྱག་མཚན་ཐམས་ཐད་སྤྱི་ལྟར་འཇའ་འོད་ཀྱི་ཀློང་དུ་བཞུགས་པ། གཡས་ཀྱི་སྟེང་ཕྱོགས་སུ་ལྷ་ཆེན་ཚངས་པ་དཀར་པོ་དར་དཀར་གྱི་ལ་ཐོད་དང་དུང་དཀར་གཡས་སུ་འཁྱིལ་བའི་གཙུག་རྒྱན་ཅན། སྐུ་ལ་བེར་དཀར་རིན་ཆེན་ནོར་བུའི་མགུལ་རྒྱན་དང་། ཕྱག་གཡས་པས་ཤེལ་གྲི་རྣོ་ལྡན་འཕྱར་ཞིང་། གཡོན་ཤེལ་ཕྲེང་དང་བཅས་པས་ནོར་གཞུང་འཛིན་པ། ལྷ་རྟ་ངང་དཀར་གཡུ་རྔོག་རིན་ཆེན་ནོར་བུའི་སྒ་ཆས་སྤྲས་པ་ལ་བཅིབས་ཤིང་སྤྲིན་དཀར་འཁྱིལ་བའི་དབུས་སུ་གསལ་བ། དེའི་འོག་ཏུ་གེར་འཛོའི་གཉན་ཆེན་དམར་པོ་དྲག་ཉམས་ཅན་གསེར་གྱི་ཁྲབ་རྨོག་འཁོར་གསུམ་དཔའ་བོའི་ཆས་ཡོངས་སུ་རྫོགས་པ། ཕྱག་གཡས་གནམ་ལྕགས་ཀྱི་མདུང་ཐུང་དང་། གཡོན་པས་གྲུ་མོར་དབང་ཞགས་བསྐོན་པ་དང་བཅས་ནོར་གཞུང་ཐུགས་ཀར་བརྟེན་ཏེ་ཆིབས་གཉན་རྟ་སེར་བོ་རིན་ཆེན་གྱི་སྒ་ཆས་ཅན་ལ་བཅིབས་པ་སྤྲིན་དམར་གྱི་ཀླུང་དུ་གསལ། དེའི་འོག་ཏུ་དགྲ་བླའི་གཙོ་བོ་ཨ་མྱེ་རྨ་རྒྱལ་སྤོམ་ར་སྐུ་མདོག་དཀར་པོ་ཞལ་ཞི་ཆགས་ཀྱི་ཉམས་ལྡན་དབུ་ཕྱིང་ཞྭ་གཙུག་རིང་དར་སྐུད་དམར་དཀྲིས་ལྡན་དང་། སྐུ་ལུས་ལ་དར་དཀར་གྱི་ལྭ་བ་ནབས་པ་། དར་དམར་གྱི་སྐ་རགས་སྟག་རལ་གཟིག་ཤུབས་རལ་གྲི་བཏགས་པ། ཕྱག་གཡས་པས་རྣོ་མདུང་གི་བ་དན་དཀར་པོ་དང་། གཡོན་རིན་ཆེན་ནོར་བུའི་གཏེར་གཞུང་མནམས་ཤིང་རྟ་མཆོག་དཀར་པོ་རྔ་རྔོག་རླུང་གིས་བསྐྱོད་པ་སྒ་ཆས་ཡིད་འོང་ཅན་བཅིབས་པ་གངས་རྩེ་གསུམ་གྱི་མདུན་སྤྲིན་དཀར་གཡསའཁྱིལ་གྱི་དབུས་སུ་གསལ། དེའི་འོག་ཏུ་ཀླུ་རྒྱལ་གཙུག་ན་རིན་ཆེན། མི་དབང་ཉམས་ལྡན་དབུ་སྐྲ་གཡུ་མདོག་གི་གསེབ་ནས་སྤྲུལ་གྱི་གདེང་ཀ་ལྔ་གཟེངས་ཤིང་དབུ་གཙུག་རལ་བ་ཕྱེད་བཅིངས་ཀྱི་དབུས་སུ་རིན་ཆེན་གཟི་ཡི་ནོར་བུ་འོད་འཕྲོ་བས་གཙུག་རྒྱན་འབར་བ། ཆུ་དར་གྱི་བེར་ཆེན་ནབས་པ་ཕྱག་གཡས་པར་ཡིད་བཞིན་བསམ་འཕེལ་གྱི་ནོར་བུ་དང་། གཡོན་གྱིས་ནད་གདོན་འཇོམས་པའི་བདུད་རྩིའི་བུམ་པ་ཐུགས་དཀར་གཏོད་ཏེ་མནམས་པ། ཀླུ་རྟ་སྔོ་ཞུར་ནོར་བུའི་སྒ་ཆས་ལྡན་པར་བཅིབས་ཏེ་ཆུ་ཀླུང་དུ་འགྱིང་པ་ཞིག་གོ།
༈ གཡོན་གྱི་སྟེང་ཕྱོགས་སྤྲིན་དཀར་འཁྱིལ་བའི་དབུས་སུ་ནེ་ནེ་གནམ་སྨན་དཀར་མོ །ཞལ་རས་དཀར་གསལ་ཤིན་ཏུ་མཛེས་ཉམས་དང་ལྡན་པ་ཅན། རིག་ལྔའི་དབུ་རྒྱན་དང་གཡུ་མདོག་དབུ་སྐྲའི་ལན་བུ་གཡས་གཡོན་དུ་དཔྱངས་པ། རིན་ཆེན་གཟི་ཡི་མགུལ་ཕྲེང་ཕྱག་གདུབ་ཞབས་གདུབ་སོགས་མཁའ་འགྲོའི་ཆས་ལྡན་དར་དང་ཟ་འོག་གི་ནབ་བཟའ་གསོལ་ཞིང་། ཕྱག་གཡས་མདའ་དར་མེ་ལོང་གིས་བརྒྱན་པ་དང་། གཡོན་པས་ཤེལ་ཕྲེང་དང་བཅས་འཆི་མེད་ཚེ་ཡི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་དར་ལྗང་གི་མགུལ་ཆིངས་ཅན་མནམས་པ། ཞབས་རྗེན་སེང་དཀར་སྒ་མེད་སྲབ་མེད་ཀྱི་སྟེང་དུ་ཕྱེད་འགྱིང་གིས་བཞུགས་པའོ།། དེའི་འོག་ཏུ་དཔག་བསམ་ཤིང་གི་རྩེར་ཕུ་བོ་ཤེལ་ཁྱུང་དཀར་པོ་མི་ལུས་ཁྱུང་གི་དབུ་ཅན།ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ། སྐུ་ལུས་ལ་ནོར་བུའི་ཕྲེང་བས་སྤྲས་ཤིང་ཕྱག་གཡས་ཉི་འོད་ཟེར་ལྡན་གྱི་ཞགས་པ་མནམས་པ། གཡོན་པས་ཟླ་ཤེལ་གྱི་ལྕགས་ཀྱུ་ཐོགས་ཤིང་རྡོ་རྗེའི་གཤོག་དྲུག་གཟེངས་པ་འཇིགས་རུང་གི་ཉམས་ཅན་ནོ། །
དེའི་འོག་ཏུ་ཆུ་རླབས་སྔོན་པོའི་རྩེར་ནུ་བོ་ཀླུ་ཆེན་ཐོད་དཀར་གཞོན་ནུ་རིན་ཆེན་ནོར་བུའི་དབུ་རྒྱན་དང་མགུལ་ཕྲེང་ཅན་སྐུ་སྨད་སྦྲུལགཟུགས་ལྗང་སེར་དུ་འཁྱིལ་བ། ཕྱག་གཡས་པས་ཀླུ་འབུམ་པོ་ཏི་བཏེགས་པ།གཡོན་པས་སྦྲུལ་ཞགས་མནམས་པ་འཇིགས་ཉམས་ཅན་ནོ། །
དེའི་འོག་ཏུ་སྤྲིན་དཀར་གྱི་དབུས་སུ་སྲིང་ལྕམ་ཐ་ལེ་འོད་དཀར་མ། ན་ཆུང་དཀར་མོ་རིན་ཆེན་པྲོག་ཞུ་ནོར་བུའི་ཕྲ་ལྡན་གྱི་དབུ་རྒྱན་དང་། ཨུཏྤལ་སྔོན་པོའི་མགུལ་ཕྲེང་། ཕྱག་གདུབ་སོར་གདུབ་ཞབས་གདུབ་རིན་ཆེན་ཕྲ་ཚོམ་ཀྱིས་སྤྲས་པ། སྐུ་སྟོད་བྱ་རྒོད་ཀྱི་སྒྲོ་ཐུལ་དང་སྐུ་སྨད་རྨ་བྱའི་ཨང་རག་ཅན་ཁྲུང་ཁྲུང་དཀར་མོའི་གཤོག་སྟེང་ན་པདྨའི་ཕྱེད་དཀྱིལ་གྱིས་འགྱིང་པ། ཕྱག་གཡོན་པའི་གྲུ་མོར་དབང་ཞགས་ལྕགས་ཀྱུ་ཅན་བཅས་ཕྱག་གཉིས་ཀྱིས་སྦ་དཀར་གླིང་བུ་འོ་འཛིན་གཡས་པའི་ཐད་དུ་སྦྲེང་སྟངས་ཀྱིས་མནམས་པ། དེ་ལྟར་གཙོ་བོའི་ལྷ་རྣམས་ཀྱིས་ཞལ་ནང་དུ་ཕྱོགས་པ་ཀུན་ཀྱང་ཡེ་ཤེས་དང་འཕྲིན་ལས་འབར་བའི་གཟི་བྱིན་ཅན་ཁོ་ན་དང་བར་མཚམས་རྣམས་སུ་སྣང་དང་མི་སྣང་བར་སྲིད་པའི་དགྲ་བླ་མཆེད་དགུ། ཡེ་མཐོང་ཝེར་མ་བཅུ་གསུམ། མགྲོན་ཡག་ལམ་ལྷ་བཅུ་གསུམ་སོགས་ལྷ་ཀླུ་གཉན་གྱི་ཚོགས་དྲེགས་པ་རང་རྒྱུད་ཀྱི་རྣམ་པ་ཅན་རྨ་གཉན་སྤྲུལ་བའི་ལྷ་དམག་དཀར་ཕྱོགས་དཀར་ཕྱོགས་ལ་དགྱེས་པའི་ཚོགས་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བསམ་མི་ཁྱབ་ཏུ་ཡོད་དོ། །
དེ་ནས་ལྷ་སྲས་ཇོ་རུ་རྒྱལ་པོའི་སྐུའི་གདན་གྱི་འོག་གཡོན་ཕྱོགས་ཀྱི་ཞབས་སུ་ཨ་མྱེ་སྒོམ་པ་ར་ཛཱ་རྒས་པོ་འཇིགས་རྔམ་སྨ་རལ་སྔོ་ཉིལ་ལེ་ཅན །ཐོད་པ་སྐམ་རློན་གྱི་ཕྲེང་རྒྱན་དང་། མི་ལྤགས་ཀྱི་གཡང་གཞིའི་སྟོད་ཁེབ་ཅན་ལག་ཡས་པས་གཏོར་ཟོར་དང་གཡོན་པས་ལྕགས་ཀྱི་བྲུབ་ཁོང་གྲུ་གསུམ་བཟུང་བ་ཞིག་གན་རྐྱལ་ཏུ་བསྒྱེལ་བའི་ཁོག་སྟོད་ལས་མི་མངོན་པར་མནན་པ་ཞིག་དང་། གཡོན་འོག་ཏུ་བདུད་ཀྱི་བྱ་ནག་སྤུན་གསུམ་འཇིགས་སུ་རུང་བ་སྤུན་གསུམ་རེ་རེ་མདའ་ཡིས་གཟེར་བ་། རེ་རེ་ལུས་ཀྱི་ཕྱེད་ཙམ་མ་གཏོགས་གདན་འོག་གན་སྐྱལ་གྱི་མནན་ཡོད་པ། མདུན་འོག་ཏུ་ཡུལ་རྨ་ལུང་གི་འདྲེ་སྲིན་བསེ་རག་འགོང་པོ་ཐམས་ཅད་ལྷག་པར་དུ་དཀར་ཕྱོགས་ཀྱི་བསྟན་པར་གནག་པའི་སེམས་ལྡན་གྱི་རྒྱལ་བསེན་དམ་སྲི་མི་དང་མི་མིན་དག་གི་བླ་ཡིད་འདུས་པའི་རྣམ་པ་ཨབ་ཀྱི་རྒྱལ་པོ་བྲ་བ་ཁ་ཆེ།ཨབ་བློན་གདོང་རིང་དང་མིག་སྔོན་སོགས་ཨབ་དམག་གི་གཟུགས་སུ་ཤར་བ་ཆེ་ཆུང་མང་པོ། ལ་ལ་འུར་རྡོས་ཕོག་ཏེ་ལུས་ཀྱི་སྟོད་སྨད་ནས་ནང་ཁྲོལ་ཕྱིར་ལུག་པ། ལ་ལ་འགུག་ལ་ཚུད་དེ་འཐེན་པ། ལ་ལ་འགྱེལ་ཏེ་ཤི་བ། འགའ་ཞིག་འབྲོ་བ། སོགས་ནག་ཕྱོགས་པ་འགུག་བསྟིམ་བྱས་པའི་གཟུགས་མ་ངེས་པ་འགའ་ཞིག་ཀྱང་བསད་སྐྲད་དབྱེ་རྨོངས་ཀྱི་ལས་མངོན་པར་བྱས་པ་ཞིག་བཞེང་བར་བྱའོ།། དེ་ཡང་སྐྱེས་མཆོག་དགྲ་བླའི་རྒྱལ་པོ་དགོས་པའི་དབང་གི་སྐུ་སྦས་པའི་ཚུལ་དུ་བཞུགས་པའི་སྐུ་བརྙན་བཞེང་བར་བྱེད་པ་ལ་ཡེ་ཤེས་ཀྱི་ལྷ་སྤྱི་ཡི་བཞེང་ལུགས་དེ་ཉིད་ཀྱི་སྦྱོར་དངོས་རྗེས་གསུམ་དང་། གཟུངས་གཞུག་བྱིན་འབེབ་རབ་གནས་བརྟན་བཞུགས་ཚད་དང་ལྡན་པར་བྱའོ། །
ཞེས་གྲོགས་མཆོག་མཚོ་བྱུང་བཞད་པ་ལགས་ཀྱིས་གླིང་མཁར་བདེ་མཆོག་ནོར་བུའི་ཕོ་བྲང་དུ་རྟེན་བཞེང་སྐབས་ཀྱི་དགོས་མཁོར་བཞེང་གཞི་ཙམ་དུ་གླིང་དགའ་སྨིན་དབུས་སྤྲང་པོས་ཟླ་ཚེས་བཟང་པོར་རྟེན་འབྲེལ་གྱི་རྫས་སུ་ཕུལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注