ཁམས་རི་བོ་ཆེའི་ཁྲ་འཁྱིལ་མའི་གཙུག་ལག་ཁང་གི་གེ་སར་གྱི་རིག་རྫས།
དཔལ་ཐར་རྒྱལ་གྱིས་བསྡུས།
སྤྱི་ལོ1986ལོར་གོང་རིམ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་རི་བོ་ཆེ་དགོན་པ་དེ་ཞིག་གསོ་གང་ལེགས་བྱས་ཏེ་གླིང་ན་དཀོན་པའི་གནའ་རྫས་ཐམས་ཅད་སྔར་ལས་བཟང་བའི་སྲུང་སྐྱོབ་གནང་ཡོད། དགོན་པའི་ནང་དུ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་མཚོན་ཆ་དང་ཉེར་སྤྱད་སོགས་ད་ལྟ་ཡང་མིག་ལམ་དུ་མཐོང་རྒྱུ་ཡོད།
འཇང་སྲས་གཡུ་ཁྲི་གོང་བོའི་རལ་གྲི།
གླིང་གེ་སར་རྒྱལ་པོའི་སྒྲུང་ལས་དཔའ་བོ་གཡུ་ལྷའི་བུ་འཇང་སྲས་གཡུ་ཁྲི་གོང་བོ་ཡི་རལ་གྲི་སྲིན་པོ་ཁྲག་འཐུང་ད་ལྟ་རི་བོ་ཆེའི་དགོན་དུ་ཡོད། གྲི་དེ་ནི་ངོ་མཚར་གྱི་ཁྱད་ཆོས་དུ་མས་སྤུད་པ་དང་། རིང་ཚད་ལ་སྨི་གཅིག་ལྷག་ཙམ་ཡོད། གྲི་དེས་རྣ་བར་སྙན་པའི་སྒྲ་གྲགས་ཀྱི་ཡོད་ལ་གྲི་ངོས་ནས་པྲ་བ་རྣམས་ཀྱིས་པྲ་འཕབ་ཐུབ་པ་དང་། ཁ་ཚ་པྲ་བ་ཧོར་གཞུང་གི་སྤོ་ཁྲེ་དགྲ་ལྷ་སོགས་ཀྱིས་པྲ་ཕབ་མྱོང་ཡོད་སྐད། པྲ་སྒྲུང་ཁ་ཚ་ངག་དབང་རྒྱ་མཚོའི་གྲིའི་ངོས་ནས་ཡང་སྒྲུང་ཕབ་ཀྱི་ཡོད། གྲི་དེ་རི་བོ་ཆེའི་བླ་བྲང་རྗེ་གྲུང་འཕགས་མཆོག་རྣམ་གཉིས་ཀྱི་བཞུགས་སར་བཤམས་ནས་བེད་སྤྱོད་གཏོང་གི་ཡོད་པ་མ་གཏོགས་འདྲ་མིན་གྱིས་ཁྱེར་མི་ཆོག་པའི་བཀའ་ཕབ། རྗེས་སུ་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་དུས་སུ་པྲ་སྒྲུབ་སྐབས་རྡོ་རྗེ་གཡུ་སྒྲོན་གྱི་སྐུ་དངོས་སུ་གྲི་ལེབ་ཀྱི་ངོས་ནས་ཤར་བ་སོགས་རྟགས་ཡ་མཚན་སྟོན་པར་བཤད། རིག་གནས་གསར་བརྗེའི་སྐབས་སུ་བོད་ས་གནས་སྲིད་གཞུང་གི་དཔོན་ཕུན་ཚོགས་དབང་རྒྱལ་ཞེས་པ་དེ་རི་བོ་ཆེ་ལ་ཡོང་སྐབས་འཇང་སྲས་ཀྱི་གྲི་དེ་ལྷ་ས་རུ་ཁྱེར་སོང་བ་ཡིན། རྗེས་སུ་གྲི་དེ་ནི་རི་བོ་ཆེ་དགོན་པའི་གནའ་ཤུལ་གྱི་ཤུལ་བཞག་རིག་གནས་ཡིན་པས་རི་བོ་ཆེའི་དགོན་པར་སྤྲད། འོན་ཀྱང་གྲི་དེའི་གྲི་རྩེ་ཆག་ཡོད་རུང་ད་ལྟ་རི་བོ་ཆེའི་དགོན་དུ་མཇལ་རྒྱུ་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注