སྤྱོད་ཚུལ་གནད་དོན་ནི་རྩ་བའི་སྟེང་ནས་བཤད་ན་ཏང་གཤིས་གནད་དོན་ཡིན།
མིག་སྔར་ཏང་ཡོངས་ཀྱི་གོང་འོག་བར་གསུམ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་པའི་སྒང་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་ཀྱི་གོམ་པ་དང་པོ་ཡིན་པ་དང་། གུང་ཁྲན་ཏང་མི་ཞིག་ཡིན་པའི་ངོས་ནས་སྒྲུབ་དགོས་པའི་གཞི་རྩའི་བླང་བྱའང་ཡིན། སྤྱོད་ཚུལ་གྱི་གནད་དོན་ནི་རྩ་བའི་སྟེང་ནས་བཤད་ན་ཏང་གཤིས་གནད་དོན་ཡིན། སྤྱོད་ཚུལ་ཐོག་ནས་མངོན་པ་ནི་སྣང་བརྙན་དང་བྱང་ཚད་ཡིན་པ་དང་། དེས་མཚོན་པ་ནི་ཏང་གཤིས་ཡིན་ལ། ཐག་གཅོད་ཀྱི་ནུས་པ་ཐོན་པ་ཡང་ཏང་གཤིས་ཡིན། སྤྱོད་ཚུལ་ལེགས་བཅོས་བྱེད་པར་གཅིག་ཤེས་ཀུན་གྲོལ་བྱེད་དགོས་པ་དང་། སྤྱོད་ཚུལ་ལ་བརྟེན་ནས་ཏང་གཤིས་ལ་བལྟ་དགོས་ཤིང་། སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་སྟེང་ཏང་གཤིས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
ཏང་གཤིས་སྟོབས་ཞན་གྱི་རྩ་བའི་ཚད་ཐིག་ནི་གཞུང་དང་སྒེར་ཞེས་པའི་ཡིག་འབྲུ་འདི་གཉིས་ཡིན། གྱོད་དཔེ་འབོར་ཆེན་ལས་གསལ་བོར་མངོན་པ་ནི། སྤྱོད་ཚུལ་གྱི་གནད་དོན་མང་པོ་ཞིག་བྱུང་བ་ནི་གཞུང་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་མ་བྱས་པ་དེ་ཡིན་ལ། ཟས་ཐུན་འགའ་དང་། བྱང་བུ་འགའ། ཆང་དམ་འགའ་བཅས་དང་། དེ་བཞིན“གྲོགས་པོར”རློམ་པའི་མི་སྒེར་བར་གྱི་བརྩེ་དུང་བཅས་ཀྱི་ཆེད་དུ་སྤྱི་དོན་དབང་ཆ་དང་མང་ཚོགས་ཁེ་ཕན་གཡོ་འཚོང་བྱས་པ་དེ་རེད། གཞུང་དངུལ་གྱི་རུས་མིང་ནི་སྤྱི་ཡིན་པས། སྐར་གང་ཟུར་གང་ཡང་རང་དགར་སྤྱོད་མི་རུང་ལ། སྤྱི་བའི་དབང་ཆ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པས། སྤུ་ཙམ་ཡང་སྒེར་སྤྱོད་བྱེད་མི་ཆོག ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་གཞུང་སྒེར་གསལ་འབྱེད་དང་། གཞུང་སྔོན་སྒེར་རྗེས། སྒེར་དོར་སྤྱི་སྐྱོང་བཅས་སེམས་ལ་བརྟན་པོར་བཟུང་སྟེ། བྱ་བ་གཙང་དག་དང་། གཞུང་དྲང་ཁོང་ཡངས་ཀྱི་མི་ཞིག་བྱས་ནས། ཏང་གཤིས་ཀྱི་ཆུ་རགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་གྱི་གནད་དོན་སྔོན་འགོག་བྱ་དགོས།
དད་སེམས་ནི་རྩ་བ་དང་། སྤྱོད་ཚུལ་ནི་ཕྱི་དབྱིབས་ཡིན། རྩ་བ་དྲང་ན་ཕྱི་དབྱིབས་ཡག་ལ། རྩ་བ་འཁྱོག་ན་ཕྱི་དབྱིབས་ཀྱང་ཟང་ཟིང་དུ་འགྱུར་ངེས་ཡིན། ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བར་ཕུགས་འདུན་དད་སེམས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་རྩ་བ་ཡིན། ཕུགས་འདུན་དད་སེམས་བརྟན་པོ་ཡིན་ཚེ་གཞི་ནས་ཕྱི་གསལ་ནང་གསལ་དང་བློ་སེམས་གསལ་པོ་ཡོང་ཐུབ། ཕུགས་འདུན་དད་སེམས་ལ་གཡོ་འགུལ་བྱུང་ན། དངོས་པོའི་བསླུ་བྲིད་ཐེབས་ནས་ཁ་ཕྱོགས་འབོར་ངེས་ཡིན། ཏང་ཡོན་ལས་བྱེད་པས་ཕུགས་འདུན་དད་སེམས་སྲ་བརྟན་དུ་བཏང་སྟེ། ཕུགས་འདུན་དད་སེམས་ཁྲོད་ནས་གནས་བབ་ཆེན་པོར་ལྟ་ཞིབ་དང་འགྱུར་ལྡོག་ལ་གདོང་གཏོད་པ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པའི་ཕྱོགས་སྟོན་གློག་སྒྲོན་འཚོལ་དགོས་པ་དང་། འབད་འཐབ་མཚམས་མི་འཇོག་དང་ཡར་བརྩོན་ལྷོད་གཡེང་མི་བྱེད་པའི་སྒུལ་ཤུགས་དང་འབྱུང་ཁུངས་འཚོལ་དགོས་ལ། ཡིན་མིན་དབྱེ་འབྱེད་དང་སྨུག་པ་གཙང་སེལ་བྱེད་པའི་ཆབ་སྲིད་ཀྱི་མིག་ཤེས་འཚོལ་དགོས་པ་མ་ཟད། བསླད་ཟད་དང་འགྱུར་ལྡོག་སྔོན་འགོག་བྱེད་པའི་འགོག་གཟུགས་སྟོབས་ལྡན་འཚོལ་ཞིབ་བྱེད་དགོས།
ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་ནི་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བའི་ཡུན་རིང་གི་ལས་གྲྭ་ཞིག་ཡིན་ལ། ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་ཡང་རྟག་ཏུ་གླེང་བ་དང་རྟག་ཏུ་གསར་སྒྱུར་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་རེད། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཀུན་སྤྱོད་ཆུ་ཚད་ནི་རང་གི་ལོ་ཚོད་དང་ཏང་ནང་ཞུགས་པའི་ལོ་ཚོད། ལས་ཞུགས་ལོ་ཚོད་བཅས་འཕར་བ་དང་བསྟུན་ནས་རང་བྱུང་ངང་ཇེ་མཐོར་འགྲོ་མི་སྲིད་ལ། གོ་གནས་འཕར་བ་དང་བསྟུན་ནས་རང་བྱུང་གིས་ཇེ་མཐོར་ཡང་འགྲོ་མི་སྲིད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ཉིད་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་གཅུན་རང་འདོམས་ལ་ཤུགས་སྣོན་པ། རྒྱུན་མཐུད་ངང་རང་ཉིད་བསྒྱུར་བཀོད་བྱེད་པ་དང་། “བསམ་བློའི་བཙོག་རྡུལ”གཙང་སེལ་དང་། “ཧམ་སེམས་འདོད་ཆགས”མེད་པར་གཏོང་བ། “སེམས་ཀྱི་རྐུན་མ”རྟག་ཏུ་སྲུང་བ་བཅས་བྱས་ན། ད་གཟོད་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་བསྒྲེངས་དང་། དཀའ་སྡུག་གི་ཚོད་བགམ་གྱི་མདུན་དུ་འཇིགས་སྣང་ཅི་ཡང་མེད་པར། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོ་སྲུང་འཛིན་བྱེད་ཐུབ། །