གྱོད་དཔེ།
བཀྲ་ཤིས་དང་དོན་འགྲུབ་གཉིས་ནི་གྲོགས་པོ་བཟང་པོ་ཡིན་ལ། 2018ལོའི་ཟླ2པའི་ཚེས20ཉིན། དོན་འགྲུབ་ཀྱིས་ཚོང་ལས་གཉེར་བར་མ་དངུལ་འཁོར་རྒྱུག་ཐད་ལ་དཀལ་ངལ་བྱུང་སྟེ་བཀྲ་ཤིས་ཀྱི་ལག་ནས་སྒོར་ཁྲི50བསྐྱིས་ཤིང་། སྐྱེད་ཀ་ཟླ་རེར2%སྟེར་རྒྱུ་དང་བསྐྱི་ཡུན་ལོ་གཅིག་གི་ཁ་ཆད་བཞག ཉིན་དེར་བཀྲ་ཤིས་ཀྱིས་དོན་འགྲུབ་ལ་དངུལ་ཁང་བརྒྱུད་ནས་སྒོར་ཁྲི38བསྐུར། དོན་འགྲུབ་ཀྱི་ལག་དུ་སྒོར་འབྱོར་རྗེས། འཕྲལ་དུ་བསྐྱིས་ཡིག་བྲིས་དོན “དེ་རིང་དོན་འགྲུབ་ཀྱིས་བཀྲ་ཤིས་ཀྱི་ལག་ནས་སྒོར་ཁྲི50བསྐྱིས་ཤིང་། སྐྱེད་ཀ་ཟླ་རེར2%སྟེར་དགོས་པ་དང་བསྐྱི་ཡུན་ལོ་གཅིག་ཡིན། བསྐྱི་མཁན་དོན་འགྲུབ་དང2018ལོའི་ཟླ2པའི་ཚེས21ཉིན་ལ་བྲིས”ཞེས་འཁོད་ཡོད། བསྐྱི་ཡུན་དུས་ཚོད་ལོངས་རྗེས། དོན་འགྲུབ་ཀྱིས་བསྐྱིས་དངུལ་ཕྱིར་མ་སྤྲད་ཅིང་། 2019ལོའི་ཟླ4པའི་ཚེས1ཉིན། དོན་འགྲུབ་ཀྱིས་ཡང་བསྐྱར་བཀྲ་ཤིས་ལ་ཁས་ལེན་ཡི་གེ་ཞིག་བྲིས་དོན། “2019ལོའི་ཟླ6པའི་ཚེས20ཉིན་གྱི་སྔོན་ལ་དོན་འགྲུབ་ཀྱིས་བཀྲ་ཤིས་ལ་བསྐྱིས་དངུལ་ཡོད་ཚད་སྟེར་ཐེངས་གཅིག་གིས་འཕྲོད་རྒྱུ་ཁས་བླངས་པར་མ་ཟད། ད་དུང་རང་གི་མིང་ཐོག་ན་ཐོ་བཀོད་ཡོད་པའི་ཁང་པ(ཁང་ཡིག་ཨང་གྲངས་ནི****ཡིན) བསྐྱིས་དངུལ་གྱི་གཏའ་མར་བཞག་པ་ཡིན། ཁས་ལེན་མཁན་ནི་དོན་འགྲུབ་དང2019ལོའི་ཟླ4པའི་ཚེས1ཉིན་ལ་བྲིས”ཞེས་འཁོད་ཡོད། ཉིན་དེར་དོན་འགྲུབ་ཀྱིས་ཁང་པའི་མ་ཡིག་བཀྲ་ཤིས་ཀྱི་ལག་ཏུ་བཞག ཕྱིས་སུ་ཁ་ཆད་དུས་ཡུན་ལོངས་རྗེས་དོན་འགྲུབ་ཀྱིས་སྔར་བཞིན་བསྐྱིས་སྒོར་ཕྱིར་མ་སྤྲད། དེར་བརྟེན། བཀྲ་ཤིས་ཀྱིས2019ལོའི་ཟླ7པར་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། དོན་འགྲུབ་ཀྱིས་བསྐྱིས་ཡིག་ལྟར་བསྐྱིས་སྒོར་ཁྲི50དང་སྐྱེད་ཀ་སྤྲད་དགོས་པའི་རེ་བ་བཏོན།
བཅའ་ཁྲིམས་དབྱེ་ཞིབ།
ཁྲིམས་ཁང་གིས་ཁྲིམས་མཐུན་གྱི་བསྐྱིས་སྒོར་འབྲེལ་བར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་འཐོབ་པ་ཡིན་ཞིང་། དོན་འགྲུབ་ཀྱིས་བཀྲ་ཤིས་ཀྱི་ལག་ནས་བསྐྱིས་པའི་སྒོར་ཕྱིར་སྤྲད་དགོས་པའི་ངོས་བཟུང་ཡོད། ཐོག་མར། བཀྲ་ཤིས་ཀྱིས་གན་རྒྱ་གཞིར་བཟུང་ཐོག་དོན་འགྲུབ་ལ་བསྐྱིས་དངུལ་ཁྲི50དང་སྐྱེད་ཀ་སྟེར་དགོས་པའི་རེ་བ་བཏོན་པའི་སྐོར་ལ། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། བསྐྱིས་སྒོར་གྱི་སྐྱེད་ཀ་མ་སྒོར་ལས་སྔོན་དུ་འཐེན་མི་ཆོག གལ་ཏེ་སྐྱེད་ཀ་མ་སྒོར་ལས་སྔོན་དུ་འཐེན་ཚེ། བསྐྱིས་སྒོར་དངོས་ཀྱི་གྲངས་ཀ་ལྟར་བསྐྱིས་སྒོར་སྟེར་དགོས་པར་མ་ཟད་སྐྱེད་ཀའང་དེ་ལྟར་བརྩི་དགོས། གྱོད་དོན་འདིའི་ཁྲོད་དུ། བཀྲ་ཤིས་ཀྱིས་དོན་འགྲུབ་ལ་བསྐྱིས་པའི་མ་སྒོར་ནི་ཁྲི38ཡིན་པས། ངེད་ཁྲིམས་ཁང་གིས་ངོས་བཟུང་བ་ནི་དོན་འགྲུབ་གྱིས་བཀྲ་ཤིས་ལ་ཆད་པ་ནི་མ་སྒོར་ཁྲི38དང་དེའི་ སྐྱེད་ཀ་ཡིན། (མ་སྒོར་ཁྲི38དེ་གཞིར་བྱས་ཐོག་སྐྱེད་ཀ་ཟླ་རེར2%ལྟར་བརྩིས་ཏེ་སྒོར་དངོས་སུ་སྤྲོད་པའི་ཉིན་བར) དོན་འགྲུབ་ཀྱིས་བཀྲ་ཤིས་ལ་བསྐྱིས་སྒོར་མ་འཕྲོད་ཚེ། བསྐྱིས་སྒོར་ཚབ་ཏུ་ཁང་པ་ལེན་དབང་ཡོད་ཟེར་བའི་འདོད་ཚུལ་དེའི་སྐོར་ལ། དོན་འགྲུབ་ཀྱིས་ཁས་ལེན་ཡི་གེ་སྟེང་ཁང་པ་གཏའ་མར་བཞག་པའི་ཁས་ལེན་བྱས་ཡོད་པར་མ་ཟད་ཁང་ཡིག་བཀྲ་ཤིས་ལག་དུའང་བཞག་ཡོདཅིང་། ཡིན་ན་ཡང་ཁོ་གཉིས་ཀྱིས་ཁྲིམས་ལྟར་གཏའ་མར་འཇོག་པའི་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་པས་གཏའ་མར་བཞག་པ་མི་གྲུབ། དེ་བས་བཀྲ་ཤིས་ལ་དོན་འགྲུབ་ཀྱི་ཁང་བ་གཏའ་མར་ལེན་པའི་དབང་ཆ་མེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注