ཟི་ལིང་ཉེན་རྟོག་པས"སྒོར་མོ་ལེན་མཁན"གསུམ་འཛིན་བཟུང་བྱས།
ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཀྱིས"སྒོར་མོ་ལེན་མཁན"གསུམ་འཛིན་བཟུང་བྱས་ཏེ། མགོ་སྐོར་ཚོགས་པར་ཆེད་དུ་སྒོར་མོ་ལེན་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་གཏོར། "སྒོར་མོ་ལེན་མཁན"ཞེས་པ་ནི་གློག་འཕྲིན་དྲ་རྒྱའི་ཉེས་གསོག་ཁྲོད་ཆེད་དུ་སྒོར་མོ་ལེན་མཁན་དང་སྤོ་སྒྱུར་བྱ་བར་འགན་འཁུར་ཡོད་པ་ཞིག་ལ་ཟེར།
ཟླ4པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མགོ་སྐོར་ལ་རྒོལ་བའི་ལྟེ་གནས་ཀྱི་ཉེན་རྟོག་པས་བྱ་བ་སྒྲུབ་སྐབས། ཁོངས་གཏོགས་མངའ་ཁུལ་གྱི་དངུལ་ཁང་ག་གེ་མོའི་ལས་གཉེར་དྲ་ཚིགས་སུ་མི་ཞིག་གིས་ལག་སྒོར་ལེན་པར་དོགས་གཞི་ཡོད་ཅིང་། དེར་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བར་དོགས་པ་ཡོད་པ་ཤེས་རྟོགས་བྱུང་།
ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། གྱོད་སྒྲུབ་ཉེན་རྟོག་པས་དུས་ཐོག་ཏུ་འགུལ་སྐྱོད་བྱས་ཏེ་མྱུལ་ཞིབ་ཀྱི་བྱ་བ་སྤེལ་མགོ་བརྩམས།
གྱོད་སྒྲུབ་ཉེན་རྟོག་པས་བཤད་རྒྱུར། “རྒྱུས་ལོན་རགས་ཙམ་བྱས་པ་བརྒྱུད། ང་ཚོས་སྒོར་མོ་ལེན་མཁན་གྱི་མི་དེ་ལ་ད་དུང་རོགས་པ་གཞན་ཡོད་པ་ཤེས་རྟོགས་བྱུང་ཞིང་། མི་འགའ་ཡི་ལས་བགོ་ཧ་ཅང་གསལ་པོ་ཡིན་ལ། ཁོ་ཚོས་ལག་སྒོར་བླངས་ནས་ཁྲིམས་འགལ་གྱིས་མ་དངུལ་འབོར་ཆེན་སྤོ་སྒྱུར་བྱས་པས། གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་དོགས་གཞི་ཡོད་པ་རེད”ཅེས་ཟེར།
གྱོད་སྒྲུབ་ཉེན་རྟོག་པས་རྩད་ཆོད་བྱུང་བ་ལྟར་ན། ཟླ4པའི་ཚེས15ཉིན། ལའོ་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ། ཝང་ཆེ་གེ་མོ་བཅས་མི་གསུམ་ཆེད་དུ་ཞིང་ཆེན་ཕྱི་ནས་ཟི་ལིང་གྲོང་ཁྱེར་ལ་ཡོང་ནས། མི་གཞན་གྱི་མིང་ཐོག་གི་དངུལ་བྱང་སྤྱད་དེ་སྒོར་མོ་བླངས་ནས་མ་དངུལ་སྤོ་སྒྱུར་བྱས་པ་ཡིན་ཞིང་། དེའི་རིང་ལ་ལའོ་ཆེ་གེ་མོས་སོགས་དོགས་ཡོད་ཉེས་ཅན་གསུམ་གྱིས་བླངས་པའི་སྒོར་མོའི་ཡོང་ཁུངས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་བཏང་བའི་སྒོར་མོ་ཡིན་པ་ཤེས་བཞིན་དུ། སོ་སོའི་ལས་བགོ་གསལ་པོར་བཟོས་ཏེ། གླེང་མོལ་མཉེན་ཆས་ག་གེ་མོ་བརྒྱུད་ནས་འབྲེལ་གཏུག་བྱས་རྗེས་སྒོར་མོ་བླངས་ནས་མ་དངུལ་སྤོ་སྒྱུར་བྱས། དེ་ལྟར་མགོ་སྐོར་བཏང་ནས་བླངས་པའི་མ་དངུལ་དམིགས་འཛུགས་བྱས་པའི་གནས་སུ་སྐྱེལ་བཞིན་ཡོད། དེའི་རིང་དུ་མི་རེ་ལ་སྒོར་ཁྲི1ལྷག་གི་ཁེ་སྤོགས་ཐོབ་འདུག
ཟླ4པའི་ཚེས24ཉིན། ལིའོ་ཆེ་གེ་མོ་སོགས་དོགས་ཡོད་མི་སྣ་གསུམ་གྱིས་དངུལ་བྱང་བཟུང་སྟེ་ལག་སྒོར་ཁྲི15བླངས་ནས་དངུལ་ཁང་སྒོར་བུད་མ་ཐག གྱོད་སྒྲུབ་ཉེན་རྟོག་པས་ཡུལ་དངོས་ནས་འཛིན་བཟུང་བྱས།
འདྲི་རྩད་བྱས་པ་བརྒྱུད། ལིའོ་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་སོགས་དོགས་ཡོད་མི་སྣ་གསུམ་གྱིས་ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཆེད་དུ་དངུལ་བྱང་ནང་གི་མ་དངུལ་གྱི་ཡོང་ཁུངས་ཁྲིམས་མཐུན་མིན་པ་ཤེས་བཞིན་དུ་དངུལ་ཁང་ནས་ལག་སྒོར་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མགོ་སྐོར་ཚོགས་པར་སྒོར་མོ་སྤོ་སྒྱུར་བྱས་ཤིང་། དེའི་ཁྲོད་ནས་ཁོ་ཚོར་ཁྲིམས་འགལ་སྒོར་ཁྲི1ལྷག་ཐོབ་པའི་ཉེས་གསོག་དོན་དངོས་དྲང་མོར་ངོས་ལེན་བྱས།
མིག་སྔར། ཉེས་གསོག་དོགས་ཡོད་མི་སྣ་ལིའོ་ཆེ་གེ་མོ་དང་། ཀྲོའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་བཅས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་ཅིང་། གྱོད་དོན་གོམ་གང་མདུན་སྤོས་ཀྱིས་མྱུལ་ཞིབ་བྱེད་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注