མཚོ་སྔོན་ཞིང་ཆེན་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་ཉིན་མོའི་བྱེད་སྒོ་སྤེལ་བ།

ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་ཉིན་མོ་ཐེངས་དགུ་པ་ཡིན་ཞིང་། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས2024ལོའི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་ཉིན་མོའི་བྱེད་སྒོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གསུང་བཤད་གནང་། ཧྲིན་ཀྲང་ངམ་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཆི་ཧྥན་གཉིས་བྱེད་སྒོར་ཞུགས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གསོ་རྟེན་གཞིར་ཡོང་བ་དང་། སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ། ལོ་འཁོར10ཡི་གསར་སྐྲུན་སྣེ་ཁྲིད་བྱེད་ཅེས་པའི་བརྗོད་དོན་ཤམ་སྟོན་ལ་ཐུན་མོང་ལྟ་སྐོར་བྱས། འགྲེམ་ཁུལ་རེ་རེར་བསྐྱོད་པ་དང་། པར་རིས་འགྲེམ་སྟོན་དང་བརྙན་ཐུང་། རིག་དངོས་འགྲེམ་སྟོན་སོགས་ལ་བལྟས། ལས་དོན་མི་སྣའི་འགྲེལ་བཤད་ལ་ནན་ཏན་གྱིས་མཉན་ནས། འབྲེལ་ཡོད་གནས་ཚུལ་ལ་སྐབས་དང་སྐབས་སུ་གླེང་མོལ་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཆེད་དོན་བརྙན་ལ་བལྟས།

ཁྲེན་ཀང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐོ་ཚད་ནས། གསར་གཏོད་རང་བཞིན་གྱིས་སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ཅིང་། ང་ཚོས་རྒྱལ་ཁབ་བདེ་འཇགས་ལས་དོན་ལེགས་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་འཁོར10ལོན་པ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་ལྟོས་མེད་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་ཆེ་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེན་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་སྡོམ་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་སྐྱོར་གཡོན་འདེགས་བྱེད་དགོས། རྒྱལ་ཁབ་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ལ་དམིགས་ནས་གཙོ་གནད་ལས་དོན་གསལ་པོར་བཟོ་བ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་རང་རྟོགས་སྒོས་ཕྲག་ཏུ་ལེན་པ། བདེ་འཇགས་ཆེན་པོའི་འདུ་ཤེས་བརྟན་པོར་སྐྱེད་པ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་སྲུང་སྐྱོང་བྱེད་པ། ནུས་ཁུངས་ཐོན་ཁུངས་བདེ་འཇགས་འགན་ལེན་ཇེ་དྲག་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལེགས་པར་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་སྲུང་སྐྱོང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ། རིམ་པ་སོ་སོའི་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་འགན་འཁྲི་ལམ་ལུགས་དངོས་འབེབས་ནན་ཏན་བྱེད་པ། རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྒྲིག་སྲོལ་ལམ་ལུགས་ཁག་རང་རྟོགས་ཀྱིས་བརྩི་སྲུང་བྱེད་པ། ལས་འགན་གཙང་སྒྲུབ་ཀྱི་ནུས་པ་ཆུ་ཚད་མཐོར་འདེགས་པ། མཉམ་འབྲེལ་དྲ་རྒྱའི་དུས་རབས་ཆ་འཕྲིན་བདེ་འཇགས་ཀྱི་འགྲན་སློང་གསར་པར་ཁ་གཏད་ནས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལ་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་བྱེད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号